དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་ཁྲོད་ཕྱི་རྒྱལ་གྱི་དང་བླངས་པས་20%བཟུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས། དང་བླངས་པ་ཁྱོན་45000ཟིན་པའི་ཁྲོད་ཕྱི་རྒྱལ་གྱི་དང་བླངས་པས་20%བཟུང་བ་དེ་དག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་150ནས་འོང་བའི་རྒྱལ་སྤྱིའི་དང་བླངས་པ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

    “པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ངས་རང་མོས་གངས་ཤུད་ཁང་དུ་དང་བླངས་པ་བྱེད་མྱོང་བས་དང་བླངས་པའི་ལས་ཀར་རྒྱུས་མངའ་བྱུང་ལ། ད་ལྟ་ཧྥ་རན་སེར་འཚོག་ཉེར་ཡོད་པའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་ལས་ལ་ཞུགས་རྒྱུ་བྱུང་བས། རྗེས་སུའང་མུ་མཐུད་ཞུགས་འདོད་ཡོད”ཅེས་ད་ལྟ་ཧྥ་རན་སེར་ཞིབ་འཇུག་སློབ་མའི་སློབ་གནས་འགྲིམ་བཞིན་པའི་ཀྲའོ་ཡུན་ཐུང་གིས་བརྗོད་པ་དང་། ཁོང་གིས་ཨོ་རྩལ་འགྲན་ཚོགས་སྐབས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་རར་ཚད་ལེན་གྱི་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད།

    ད་དུང་དང་བླངས་པ་ཞེ་ཞིང་དབྱིང་གིས། ཀྲུང་གོ་ནས་ཡོང་བའི་གཞོན་ནུ་དང་བླངས་པ་ཚོས་རང་འགུལ་ངང་སྐད་འཕྲིན་ཚོགས་པ་བཙུགས་པར་ད་ཆ་མི་ཉིས་བརྒྱ་ལྷག་ཙམ་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་། ཞེ་ཞིང་དབྱིང་ཧྥ་རན་སེར་སློབ་གྲྭ་འགྲིམ་མྱོང་བ་དང་ད་ཆ་ལུའུ་སེན་པའོ་རུ་ལས་ཀ་བྱེད་ཀྱི་ཡོད། ད་ཐེངས་ཁོང་གྲོགས་པོ་ཡིན་ལ་དང་བླངས་པའང་ཡིན་པའི་ཝུའུ་ཆི་ཡུན་དང་མཉམ་དུ་ལུའུ་སུན་པོ་རུ་བྱེད་སྒོར་ཞུགས་པར་ཡོང་ཡོད།

    “ད་ལྟ་ང་ཚོ་ཚང་མ་ལས་ཀར་འགྲོ་བཞིན་ཡོད་པས། དེ་དུས་ངལ་གསོའི་དུས་ཚོད་རིང་དང་བླངས་བྱེད་སྒོར་ཞུགས་རྒྱུ་ལས་མ་འདས་མོད། ཡིན་ནའང་དོན་སྙིང་ཆེན་པོ་ཡོད”ཅེས་ཁོང་གཉིས་པོས་གསར་འགོད་པར་བརྗོད་པ་དང་། ཁོང་གཉིས་པོས“སྔོན་མ་གྲོགས་པོ་དང་མཉམ་དུ་བརྙན་འཕྲིན་ནས་ཨོ་རྩལ་འགྲན་ཚོགས་ལ་ལྟ་ཡི་ཡོད། ད་ཐེངས་ཕ་རི་སིར་ང་ཚོ་ཀྲུང་གོ་བ་ཞིག་གི་ངོས་ནས་དེའི་ནང་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་དང་སྤྲོ་སྣང་ལྡན་པ་ཞིག་ཡིན་སྙམ”ཞེས་བརྗོད།

    ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས། ང་ཚོར་དང་བླངས་པའི་རེ་ཞུ་ཁྱོན་ཁྲི་30ལྷག་ཙམ་འབྱོར་ནས། མཐར་དང་བླངས་པ་45000བདམས་པའི་ནང་སྐྱེས་པ་དང་བུད་མེད་ཀྱིས་སོ་སོར་50%བཟུང་བ་དང་། དང་བླངས་པ་5%ཡན་དབང་པོ་སྐྱོན་ཅན་ཡིན་པའི་ཁྲོད་ལོ་ཆེ་ཤོས་ལོ་90ཡན་ཟིན་གྱི་ཡོད་ཅེས་བརྗོད།

    ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དེ་ཟླ་7ཚེས་26ནས་ཟླ་8ཚེས་11ཉིན་བར་འཚོག་རྒྱུ་ཡིན་པ་དང་། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཟླ་8ཚེས་28ནས་ཟླ་9ཚེས་8ཉིན་བར་འཚོག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།