དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཕོར་ཐིའུ་ཀལ་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཕོར་ཐིའུ་ཀལ་གྱི་རྒྱལ་ས་ལི་སི་པོན་དུ་འཚོགས་པ་རེད། ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་100ཙམ་བྱེད་སྒོར་ཞུགས་པ་རེད།

    ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་པིན་ཐང་གིས་ཤིས་ཚིག་སྒྲོན་སྐབས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཚོང་ལས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད། ཕོར་ཐིའུ་ཀལ་གྱི་ཁེ་ལས་དེ་བས་མང་བས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཕོར་ཐིའུ་ཀལ་གྱི་མ་འཇོག་དང་ཕྱི་ཕྱོགས་ཚོང་དོན་ཧྲུའུ་ཡི་ཕྱི་ཕྱོགས་དང་སྒྲིག་གཞིའི་འབྲེལ་བའི་སྤྱི་ཁྱབ་ལྟ་ཞིབ་པ་མཱ་ནུ་ཨེར·ཀའེ་ལེ་ལ་སི་ཡིས། ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་གསར་གཏོད་ཅིག་རེད། སྒྲིག་གཞི་དེས་སྤུས་ལེགས་ཁེ་ལས་དེ་བས་མང་བ་འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཕོར་ཐིའུ་ཀལ་གྱི་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་རེད་ཅེས་བརྗོད།

    ཚོགས་ཞུགས་སྐུ་མགྲོན་མང་པོ་ཞིག་གིས་ཕོར་ཐིའུ་ཀལ་གྱི་ཁེ་ལས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པར་མུ་མཐུད་སྒྲིག་འཛུགས་ཧུར་ཐག་བྱ་རྒྱུ་དང་འབྲེལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཕོར་ཐིའུ་ཀལ་དང་ཀྲུང་གོའི་བཟོ་ཚོང་ལྷན་ཚོགས་དང་། ཕོར་ཐིའུ་ཀལ་གྱི་བཟའ་བཅའི་མཐུན་ཚོགས་སོགས་སྒྲིག་གཞི་དང་ཁེ་ལས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་དང་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་མཉམ་ལས་བརྗེད་ཐོའམ་ཡང་ན་འགྲེམས་ཞུགས་གན་རྒྱར་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།