རླབས་ཆེན་གྱི་འཕོ་འགྱུར་བློ་ལ་བརྟན་པོར་ངེས་ནས་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ།
རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་ལྗོན་ཤིང་ཡལ་འདབ་རྒྱས་ནས་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་སུ་ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་བསུ་བ་ཞུས་ཡོད། ལོ་65ཡི་གོང་གི་དཔྱིད་ཀར། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་གནང་ནས་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བ་དང་བོད་ཀྱི་མི་དམངས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་གཏོད་འགོ་ཚུགས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ཀྱི་ལོ་རྒྱུས། རང་རེའི་ཏང་གི་ལོ་རྒྱུས་བཅས་ཀྱི་ཐོག་མཛད་རྗེས་ལོ་རྒྱུས་དེབ་ཐེར་སྟེང་འཁོད་པའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད།
བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཁྱབ་དང་། ཆེས་གཏིང་ཟབ། ཆེས་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་འདིས་མུན་ནག་གི་དབང་སྒྱུར་མགོ་རྟིང་བསློགས་པས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། ལོ་ངོ་སྟོང་གི་ལྕགས་སྒྲོག་གཏོར་བས་མི་དམངས་དམངས་གཙོའི་མེ་སྟག་གིས་འཁྱོལ་དཀའ་བའི་མཚན་མོར་འོད་སྣང་སྦྱིན་པ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་མེད་པར་བཟོས་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བཏང་བས་དཔྱིད་ཀྱི་འབྲུག་སྒྲ་ས་གཞི་ཆེན་པོར་གྲགས་ནས་བོད་ལྗོངས་དར་རྒྱས་གོང་འཕེལ་གྱི་འོད་ཟེར་ལྡན་པའི་མདུན་ལམ་བཏོད་པ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ་མི་དམངས་ཀྱིས་ཀྱང་བརྗེད་མི་སྲིད།
ལོ་65ཡི་དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུ་ཇི་བཞིན་ལས་རིགས་ཁག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་པའི་བརྗིད་ཆེའི་གོམ་སྟོབས་རེ་རེ་ལས་བྱས་རྗེས་ངོ་མཚར་ཅན་བཏོད་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་བཞིན་མཆིས། ལོ་65ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བརྗིད་ཆེའི་རྒྱལ་ཁའི་གླུ་དབྱངས་བླངས་ནས་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་གནང་བ། གལ་ཆེའི་དུས་སྐབས་དང་འགག་རྩའི་དུས་མཚམས་སུ་སླེབས་རིམ་བཞིན་བོད་ལ་ཁ་ཕྱོགས་གཏན་འཁེལ་དང་ལམ་སྟོན་གནང་ནས་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ད་ཆའི་བོད་ལྗོངས་སུ་སྤྱི་ཚོགས་ཞི་མཐུན་དང་། མཐུན་སྒྲིལ། བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས། ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར་བདེ་བླག་ངང་བཏོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་པ་དང་ས་གཞི་ཆེན་པོ“སྔོ་འགྱུར”དང་མང་ཚོགས“འབབ་འཕར”ལ་མཉམ་དུ་སྐུལ་འདེད་བཏང་ནས་ནམ་མཁའ་གཡའ་དག་པ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་བ། མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ས་མཐོའི་སྐྱེ་ཁམས་རི་མོ་ལྟར་མཛེས་པའི་རྣམ་པ་ཞིག་ངམ་ངམ་ཤུགས་སུ་མངོན། མཐའ་བརྟན་མཐའ་དར་མཐའ་སྟོབས་ཀྱི་འཐབ་ཇུས་ལག་བསྟར་བརྟན་པོ་བྱས་པས་མི་རིགས་ཁག་གི་མང་ཚོགས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པ་བཅས་མི་རྣམས་ཧ་ལས་པའི“མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན”རྒྱུན་ཆད་མེད་པར་བཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འབད་འབུངས་ཀྱི་གོམ་སྟབས་སྔར་བས་བརྟན་དུ་འགྲོ་བཞིན་ཡོད།
འདས་ཟིན་པའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དག་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ནས་གངས་ལྗོངས་ས་མཐོའི་ས་གཞི་གང་སར་ཁྱབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སེམས་ལ་བརྟན་པོར་ཟུག་ཡོད། དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་། རྣམ་པ་གསར་པ་ཧུར་ཐག་གཏོད་པ། བྱ་སྤྱོད་གསར་པ་མངོན་པ་བཅས་བྱེད་པར་ང་ཚོས་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ་དང་ཕུགས་འདུན་བཟང་པོ་སེམས་སུ་བཅངས་ཡོད། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་ཡང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ“དོན་ཆེན་བཞི”སྤྱི་ཡོངས་རང་བཞིན་གྱི་ངེས་གནས་དང་། ཁྱོན་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་བཅས་སུ་བརྩི་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་མགྱོགས་མྱུར་བསྐྲུན་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་བཟང་པོ་དེ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་དང་བཀྲག་མདངས་ཆེ་ཤོས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བ་བྱེད་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་བརྟན་པོར་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མཐའ་མཚམས་དར་རྒྱས་ལ་བརྟེན་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཀྱི་མི་སེར་བདེ་སྐྱིད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བཏོད་པའི་འོད་སྟོང་འཕྲོ་བའི་ལམ་བུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་མདུན་ལྗོངས་བཟང་པོ་བསུ་བཞིན་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་ཀྱིས་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་དེ་བས་མཚར་སྡུག་འོད་སྟོང་འབར་བའི་བྱ་གཞག་རླབས་པོ་ཆེ་གཏོད་ཐུབ་ངེས་རེད།