དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-28

    འདི་ནི་ཟླ་3ཚེས་26ཉིན་ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་མེ་འཁོར་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཅའོ་ཚུན་གྲོང་རྡལ་ཐང་ལིའུ་གྲོང་ཚོ་ནས་སྐྱོད་བཞིན་པ།

     ཟླ་3ཚེས་26ཉིན་གྱི་ཆུ་ཚོད་8དང་སྐར་མ་37ཙམ་ལ། ཚོད་ལྟའི་སྐྱེལ་འདྲེན་བྱེད་ཐེངས་དང་པོ་ཡིན་པའི་མེ་འཁོར་ཨན་ཧུའེ་ཧོང་ཧྲན་བབས་ཚུགས་བྱང་མ་ནས་ཐོན་ཏེ། ཧང་ཁྲང་མྱུར་བགྲོད་ལྕགས་ལམ་ནས་དབྱི་རྫོང་བབས་ཚུགས་ཤར་མ་བརྒྱུད། ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་བརྒྱུད་ནས་ཁྲེ་ཀྲོའུ་བབས་ཚུགས་སུ་བསྐྱོད་པ་དེ་ཐོག་ནས་ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་དང་ཚོད་ལྟའི་ལས་མཇུག་འགྲིལ་ཏེ་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

    ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་དེ་ཁྲེ་ཀྲོའུ་བབས་ཚུགས་ནས་འགོ་བཙུགས་ཏེ་ཁྲེ་ཀྲོའུ་གྲོང་ཁྱེར་གྱི་ཀུའེ་ཁྲེ་ཆུས་དང་ཆིང་དབྱང་རྫོང་དང་། ཧོང་ཧྲན་གྲོང་ཁྱེར་གྱི་ཧོང་ཧྲན་ཆུས་དང་དབྱི་རྫོང་བརྒྱུད་མཐར་དབྱི་རྫོང་གི་བབས་ཚུགས་ཤར་མར་སླེབས་ཀྱི་ཡོད། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་125ཙམ་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350འཆར་འགོད་བྱས་ཡོད་པ་དང་ཁྲེ་ཀྲོའུ་བབས་ཚུགས་ནས་ཧོང་ཧྲན་བབས་ཚུགས་བྱང་མའི་བར་སྐར་མ་40ཙམ་འགོར་གྱི་ཡོད། སྔོན་དཔག་བྱས་ན། ཟླ་བཞི་པའི་ཟླ་མཇུག་ཏུ་ཤར་གཏོང་དང་གཉེར་སྐྱོང་གི་ཆ་རྐྱེན་འཛོམས་རྒྱུ་དང་སྐབས་དེ་དུས་ཧོང་ཧྲན་གྲོང་ཁྱེར་གྱི་ཆུས་དང་རྫོང་ཚང་མར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་ནི་ཧུའུ་པེ་ཝུའུ་ཧན་ནས་ཀྲེ་ཅང་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། མྱུར་བགྲོད་ལྕགས་ལམ་དེ་ཤར་གཏོང་ཐུབ་རྗེས་ཨན་ཧུའེ་ལྷོ་རྒྱུད་ཀྱི་ཅིའུ་ཧྭ་རི་བོ་དང་། ཧོང་ཧྲན་རི་བོ། ཐའེ་ཕིང་མཚེའུ་ཡི་ལྟེ་བའི་མཛེས་ལྗོངས་ཁུལ་བཅས་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་ལམ་ཐིག་ཡག་ཤོས་སུ་འགྱུར་རྒྱུ་ཡིན་པས་ས་ཁོངས་ཀྱི་ལྕགས་ལམ་དྲ་བ་ཁྱབ་ཚུལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཨན་ཧུའེ་ལྷོ་རྒྱུད་ཀྱི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།