དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཨ་རི་ཕྱོགས་ལ་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཤང་ཀང་དང་འབྲེལ་བའི《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》སྐོར་གྱི་གཏམ་བརྗོད་སྤེལ་བར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་25ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཨ་རི་ཕྱོགས་ཀྱིས་ཤང་ཀང་གི《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》ལ་དམའ་འབེབས་དང་མིང་ཆད་ངན་པ་ཡང་ཡང་བཟོས་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ལ་ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    “ངས་ནན་བཤད་བྱ་རྒྱུ་ཞིག་ལ་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་བསྙོན་མེད་ཡིན་པས། ཕྱིའི་རྒྱལ་ཁབ་གང་རུང་ཞིག་ལའང་མཐོ་བཤད་དམའ་བཤད་བྱེད་པའི་དབང་ཆ་མེད”ཅེས་ལིན་ཅན་གྱིས་བརྗོད་པ་རེད།

    ཁོང་གིས། ཤང་ཀང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲོལ་ཡིག་དཔེ་སྐྲུན་ཁྱབ་བསྒྲགས་བྱས་ཏེ་ནུས་པ་ཐོན་པ་དེ་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་23པའི་ནང་གཏན་འབེབས་བྱས་པའི་རྩ་ཁྲིམས་སྲིད་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱས་པ་མཚོན་ཞིང་། ཤང་ཀང་འཕེལ་རྒྱས་འགྲོ་བའི་བདེ་འཇགས་ཀྱི་གཞི་རྩ་བརྟན་པོ་ཡོང་ངེས་ཡིན་པ་མ་ཟད་ཤང་ཀང་དུ་བཅོས་སྐྱོང་ནས་ཡར་རྒྱས་གང་མགྱོགས་མངོན་འགྱུར་ཡོང་བར་སྐུལ་མ་ཐེབས་ངེས་རེད། ཤང་ཀང་གི་ལས་རིགས་ཁག་གིས་དེའི་ཐད་ཚད་མཐོའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས་བརྗོད་དོན། ཤང་ཀང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲོལ་ཡིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་དབང་ཆའི་རང་དབང་དང་དེ་བཞིན་དཔལ་འབྱོར་འཕེལ་རྒྱས་ལ་འགན་སྲུང་བྱེད་པར་དོ་སྙོམས་ངང་ལྟ་རྟོག་བྱས་ཤིང་། རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་སྤྱིར་བཏང་གི་བཅའ་ཁྲིམས་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ཉམས་མྱོང་དཔྱད་གཞིར་འཛིན་གང་ཐུབ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱས་ནས་ནག་ཉེས་ཀྱི་རྒྱུ་རྐྱེན་དབྱེ་མཚམས་གསལ་པོ་བཟོས་པ་དང་། ནག་ཉེས་ཡིན་མིན་གྱི་དབྱེ་མཚམས་གསལ་པོར་ཕྱེ་བ། ཤང་ཀང་དུ་ཡོད་པའི་ཕྱི་རྒྱལ་གྱི་སྒྲིག་གཞི་དང་། རྩ་འཛུགས། མི་སྣ་བཅས་ཀྱི་ལུགས་མཐུན་གྱི་ཚོང་ལས་དང་རྒྱལ་སྤྱིའི་འགྲོ་འོང་གི་དགོས་མཁོ་སྲུང་སྐྱོང་ཏན་ཏིག་བྱེད་ཀྱི་ཡོད་ཅིང་། ཤང་ཀང་གི་ཚད་མཐོའི་རང་སྐྱོང་ལ་ཤུགས་རྐྱེན་གཏན་ནས་ཐེབས་མི་སྲིད་པ་དང་། ཤང་ཀང་གི་སྔར་ཡོད་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་འགྱུར་བ་མི་གཏོང་བ་དེས་ཤང་ཀང་གི་དམིགས་བསལ་གྱི་གནས་བབ་དང་ལེགས་ཆ་སྔར་ལས་ལྷག་པར་འདོན་པ་དང་། རྒྱལ་ཁབ་ཁག་དང་ས་ཁུལ་ཁག་དབར་འགྲོ་འོང་དང་མཉམ་ལས་སྔར་ལས་གཏིང་ཟབ་ཡོང་བ། རྒྱལ་སྤྱིའི་དངུལ་རྩ་དང་། སྐྱེལ་འདྲེན། ཚོང་དོན་བཅས་ཀྱི་ལྟེ་བའི་གནས་བབ་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད།

    ད་དུང་ལིན་ཅན་གྱིས། ཨ་རི་རང་ཉིད་ཀྱི་རྒྱལ་ཁབ་བདེ་འཇགས་མ་ལག་ཧ་ཅང་ཚགས་དམ་ལ་ཁྲིམས་འཛུགས་ཀྱི་གྲངས་འབོར་མང་བ་དང་ས་ཁོངས་ཕྱི་རོལ་དུ་ནུས་པ་ཐོན་རྒྱ་ཆེ་བ་ནི་འཛམ་གླིང་དུ་མཐོང་དཀོན་པ་ཞིག་ཡིན་མོད། འོན་ཀྱང་ཤང་ཀང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲོལ་ཡིག་གཏན་འབེབས་བྱེད་པའི་གནད་དོན་ཐད་བྱུང་རྒྱལ་དུ་སྐྱོན་འཛུགས་བྱེད་པ་དེ་ནི་ཆབ་སྲིད་ཀྱི་གཡོ་ཁྲམ་དང་ཟོལ་བཅོས་ངོ་གཉིས་རང་རེད་ཅེས་བརྗོད་པ་རེད།

    “ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་ལ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བའི་ཆོད་སེམས་ཀྱང་བློ་བརྟན་འགྱུར་མེད་ཡིན། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོའི་བདག་དབང་དང་ཤང་ཀང་གི་ཁྲིམས་སྐྱོང་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ནན་པོ་བྱས་ཏེ་ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན”ཞེས་ཁོང་གིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།