མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་རྩོམ།
རྒྱ་ལྕང་མྱུ་གུ་འབུས་ཤིང་མེ་ཏོག་སྣ་ཚོགས་ཟེའུ་འབྲུ་རྒྱས་ནས་དཔྱིད་ཀ་ངང་གིས་སླེབས་པའི་དུས་བཟང་འདིར། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་བསུ་བ་ཞུས།
ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ནི་ཏང་ཡོན་ལས་བྱེད་པར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་སོགས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་པར་དྲང་ནུས་གཅིག་སྡུད་བྱས་ཡོད།
འབད་འབུངས་ཡར་བརྩོན་གྱིས་འགག་སྒྲོལ་གྱི་གོམ་སྟབས་བརྟན་པོ་སྤོས་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འགན་འཁྲི་འཁུར་སེམས་དེ་བས་ལྡན་པ་དང་། དོན་གཉེར་དེ་བས་བྱེད་མཁས་པ། འགན་འཁྲི་དེ་བས་འཁུར་ཕོད་པ། དམངས་སེམས་དང་དེ་བས་ཉེ་བཅར། བྱས་རྗེས་དེ་བས་འཇོག་མཁས་པ་བཅས་བྱས་ཡོད། མང་ཚོགས་ཚོས་ཉེ་འགྲམ་གྱི་བྱ་བ་ཆེ་ཆུང་ཁྲོད་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཕན་འབྲས་ཆེ་རུ་ཕྱིན་པ་ཚོར་ཐུབ་ཅིང་། ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བར་བྲེལ།
སྤྱོད་ཚུལ་ཞུན་བརྡར་ཧུར་ཐག་སྤྲས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་སློབ་གསོ་གཏིང་ཟབ་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱང་ལམ་གསར་པར་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་དང་དུས་རབས་གསར་པར་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས”ཞེས་བསྟན་གནང་ཡོད།
2021ལོའི་ཟླ་12ཚེས་29ཉིན། རང་སྐྱོང་ལྗོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག“གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གལ་ཆེའི་རང་བཞིན་ལ་རང་རྟོགས་ངང་ངོས་འཛིན་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་ནན་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ནུས་པ་དང་སྤྱོད་ཚུལ་ལ་ཞུན་བརྡར་གཏོང་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་ཡོད།
རང་སྐྱོང་ལྗོངས་ཀྱིས་2022ལོ་དེ“སྤྱོད་ཚུལ་འཛུགས་སྐྱོང་ལོར”གཏན་འཁེལ་བྱས་ཡོད། དེར་བརྟེན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་དམངས་ཆེད་དངོས་སྒྲུབ་ཀྱིས་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་གཏོད་པའི་ཡར་བརྩོན་གྱི་སྙིང་སྟོབས་འཕེལ་བར་བྱས་པས། སྤྱོད་ཚུལ་ལེགས་གཏོང་ཐད་དཔྱིད་དཔལ་བཞད་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་།
སྤྱོད་ཚུལ་ལེགས་གཏོང་དང་དངོས་སྒྲུབ་ལ་མཐོང་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། བྱེད་སྒོའི་ཁྲོད་རང་ལྗོངས་ཀྱིས་ནུས་པ་ཆེ་རུ་དང་སྤྱོད་ཚུལ་ལེགས་གཏོང་ལ་བརྟེན་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལྟེ་བའི་ལས་དོན་དང་། གཙོ་གནད་ལས་འགན། གལ་ཆེའི་སྒྱུར་བཅོས་ཀྱི་དོན་ཚན་བཅས་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད།
འཕེལ་རྒྱས་ཀྱི་སྒུལ་ནུས་བརྟན་པོའི་ངང་ཆེ་རུ་བཏང་ཞིང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གིས་ནུས་པ་དེ་བས་ལེགས་པ་འདོན་རྒྱུར་དམ་པོར་དམིགས་ནས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་ལ་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་པས། དཔལ་འབྱོར་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ལེགས་སུ་ཕྱིན་ཞིང་། ནས་ཀྱི་ཐོན་ལས་དང་། སྤུས་ལེགས་འབྲོག་ལས། སྒྲིག་བཀོད་ཞིང་ལས་བཅས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བས། གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཕྱུགས་རིགས་འཚོ་བའི་ལམ་བུ་རྙིང་པར་བསྐྱོད་མཇུག་འགྲིལ་ཡོད། སྤུས་ལེགས་ནས་དང་པད་ཁ་ཐོན་སྐྱེད་དང་། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས། ཚད་ལྡན་ཅན་གྱི་བཞོན་མ་གཞི་ཁྱོན་ལྡན་པའི་ངང་གསོ་ཚགས། འབྲི་གཡག་དང་བོད་ལུག་གསོ་ཚགས་སོགས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་འབོར་ཆེན་ཞིག་བསྐྲུན་ཡོད།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“འདུ་འགོད་ཨང་དང་པོར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་སྐྱོར་གྱི“གཉིས་བསྡུ་གཉིས་འདྲེན”གྱི་སྤུས་རྟགས་བཏོད་ཡོད། ཁེ་ལས་ཁྲོམ་འགྲེམས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་ལེན་བསྟར་ཏེ། སྔར་ན་མེད་པའི་ཤུགས་ཚད་ཀྱི་ཐོག་ནས་སྣུམ་རིན་དང་གློག་རིན་བཅག་པས་ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་རིན་གོང་དང་ལྷ་སའི་རིན་གོང་གི་ཧེ་བག་ཆུང་དུ་མངོན་གསལ་དོད་པོ་ཕྱིན་ཡོད། བོད་ཀྱི་ཕུགས་ཡུན་གྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་མང་པོ་ཞིག་བཀོད་སྒྲིག་བྱས་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།
དམངས་ལ་བྱ་བཟང་སྒྲུབ་པར་བརྩོན།
“སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་བ་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འབྲེལ་བ་ཟབ་ཏུ་གཏོང་ཆེད་ཡིན་པས། མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་བརྩེ་སེམས་བཅངས་ནས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་དགོས” ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོར་དམངས་སྲོལ་གནས་ཚང་རྒྱས་སྐྲུན་དང་ལྟ་སྐོར་རྐང་ལམ་བསྐྲུན་ནས“མོན་པའི་དམངས་སྲོལ་ཡུལ་སྐོར་གྲོང་ཚོ”གཏོད་པར་བྲེལ་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤིན་ཧྲེང་གི་དཔྱིད་གསར་གྱི་བསམ་འདུན་ནི་མང་ཚོགས་ཀྱི་དགོས་མཁོར་ལན་ཡག་པོ་སློག་ནས་གྲོང་ཚོའི་འབྱུང་འགྱུར་གྱི་འཚོ་བ་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་བཞིན་ཡོང་བར་བྱེད་པ་དེ་རེད།
རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་འབྲེལ་ཡོད་འགན་འཁུར་བས“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས‘འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། ལས་འགྱངས་གཏོང་བ། མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་རྫུས་པ’བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་གཏན་འགོག་བྱས་ནས་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་མངོན་གསལ་དོད་པོ་གཏོང་བ། ཞབས་ཞུ་ལེགས་སུ་ཏན་ཏིག་གཏོང་བ། ཉེན་ཁ་འགོག་ཟོན་དང་། བདེ་འཇགས་ལ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བྱེད་པ། བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་ཀྱི་སྤྱི་ཚོགས་ཁོར་ཡུག་བློ་བརྟན་འགྱུར་མེད་ངང་གཏོད་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཐུན་མོང་གི་ངོས་འཛིན་ཆེན་པོ་ཆགས་པ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ཡོད”ཅེས་ངོ་སྤྲོད་བྱས།
ད་ཆ་ཐོན་ལས་ཀྱི་རྣམ་གྲངས་སམ་ཡང་ན་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་གང་ཡིན་རུང་ཚང་མར་ནུས་ཤུགས་ཡོད་རྒུ་བཏོན་ནས་འཕེལ་རྒྱས་གཏོང་བའི་སྒུལ་ནུས་ཆེན་པོ་མངོན་པ་དང་། ལག་ཐོགས་ཁ་པར་གྱི་དུད་སྣེ་ནས་འགྲོ་ལུགས་གཉེར་བ་སོགས་སྤྱི་པའི་ཞབས་ཞུའི་དོན་གནད་ཆ་ཚང་བ་དང་། བཀོལ་སྤྱོད་སྟབས་བདེ་ལ་ཁ་གསལ་བ། སྲིད་འཛིན་ཞབས་ཞུའི་ཕན་ནུས་གང་ལེགས་འདོན་པ་སོགས། བོད་ཀྱིས་རྣམ་པ་གསར་རྐྱང་གི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་གངས་ལྗོངས་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཡོད།