དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དུ་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡོན་ཆོན། ཆུང་བདག་སྒྲོལ་དཀར། ཤན་ཀན། ཤུས་ཡུས་ཡའོ།   |     སྤེལ་དུས།  2024-03-28

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས” “བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ད་ཕན་ལོ་ཤས་རིང་བོད་ཀྱིས་ས་མཐོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིས་ཚུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ས་མཐོའི་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་ནུས་ལྡན་ཐུབ་ཡོད་པ་རེད།

    2023ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་9.5%འཕར་བ་དང་། དེའི་ཁྲོད་ཐོན་ལས་དང་པོའི་འཕར་ཐང་14.9%འཕར་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19924ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་9.4%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་རེད།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་བཏང་བ།

    དཔྱིད་ཟླ་གསུམ་པར་དཔྱིད་རྨོད་ལས་ལ་བྲེལ།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་སླར་ཡང་ས་མཐོའི་ཆུ་འབྲས་འདེབས་རྒྱུའི་གདམ་ག་བྱས་པ་རེད།

    “སོན་བཟང་ཡག་པོ་གདམ་རྒྱུ་ནི་ལོ་ལེགས་ཡོང་བའི་སྔོན་འགྲོ་ཡིན” ཁོང་གིས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་སོན་གསོའི་རིགས་གཅིག་མཁས་ཅན་ཧྥན་ཁྲུན་ཁུན་གྱིས་བདམས་གསོ་བྱས་པའི་ས་བབ་མཐོ་སར་འདེབས་པར་འཚམ་པའི་ཆུ་འབྲས་ཀྱི་སྣ་ཁ་གསར་པ་ནི་ལོ་ལེགས་ཡོང་བར་འགན་ལེན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    2023ལོའི་སྟོན་བསྡུའི་སྐབས་སུ་ས་བབ་སྨི་3100ལྷག་ཙམ་གྱི་ས་གཞིའི་ཐོག་ས་མཐོའི་ཆུ་འབྲས་ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་556.16ཟིན་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་པད་ཚལ་ཤང་བན་ཚང་གྲོང་ཚོར་དྲོད་ཁང་ཆེ་མོ་174ཡི་ནང་བཏབ་པའི་ཀྲོ་མ་ཀྲུ་དང་། ཧོང་ཀྭ སུར་པན་སོགས་སྐྱེ་ཚུལ་བཟང་པོ་ཡོད་པ་རེད།

    “དྲོད་ཁང་ཚང་མ་ནས་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.7ནས་སྒོར་ཁྲི་2.3བར་ཡོང་གི་ཡོད་པ་དང་དུད་ཚང་ཚང་མ་ནས་ཆ་སྙོམས་དྲོད་ཁང་3ཡོད། རྩིས་བརྒྱབ་ཚེ་དྲོད་ཁང་ཆེ་མོ་ལས་བྱུང་བའི་ཡོང་འབབ་ཀྱིས་གྲོང་ཚོ་ཚང་མའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ཕྱེད་ཀ་ཡན་བཟུང་ཡོད”ཅེས་གྲོང་ཚོའི་དེ་སྔའི་ཀྲི་པུའི་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས་བཤད།

    2023ལོར་བོད་དུ་རྒྱལ་ཁབ་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་30གསར་དུ་བཙུགས་ནས་འབྲུ་རིགས་དང་། སྔོ་ཚལ། ཤ་དང་སྒོ་ང་འོ་མ་བཅས་ལོར་ཐོན་ཚད་ཏུན་ཁྲི་108དང་། ཏུན་ཁྲི་95 ཏུན་ཁྲི་93བཅས་སོ་སོར་ཟིན་ཞིང་། ཞིང་འབྲོག་མང་ཚོགས་ཚོ་ཐག་ཉེ་ས་ནས་སྟབས་བདེའི་ངང་ལས་ཞུགས་ཐུབ་པ་མ་ཟད། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཕྱོགས་ཡོངས་ནས་སྤུས་འབོར་གཉིས་ལྡན་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།

    དྲ་ཐོག་ཚོང་དོན་ཞབས་ཞུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ།

    “དེ་སྔོན་ང་ཚོ་མེ་ཏོག་ནས་ཉིང་ཁྲིའི་བར་རྐང་ཐང་མར་བསྐྱོད་ཚེ་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད། ད་ཆ་ལྷ་སའི་བར་དུའང་ཉིན་གཅིག་ལས་འགོར་གྱི་མི་འདུག”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནོར་བུ་དབྱངས་འཛོམས་ཀྱིས་བརྗོད། ཁོང་ནི་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་མེ་ཏོག་ནས་ཡིན་པ་རེད།

    བོད་ཀྱི་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་མགྱོགས་མྱུར་ཕྱིར་འཚོང་ཐུབ་ཆེད། ལྷ་ས་དང་ཉིང་ཁྲི་སོགས་ཀྱིས་མགྱོགས་ལ་ནུས་ལྡན་གྱི“མཁའ་དབྱིངས་དངོས་ཟོག་སྐྱེལ་འདྲེན་ལམ་ཐིག”བཏོད་ཅིང་། གངས་ལྗོངས་ས་མཐོ་ནས་སྔོག་འཐུ་བྱས་པའི་ཤ་མོ་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོའི་གསོལ་ལྕོག་ཐོག་བཤམས་པར་ཆུ་ཚོད་48ལས་འགོར་གྱི་མེད།

    2023ལོར་བོད་ཀྱི་དྲ་ཐོག་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་173.1ཟིན་པ་དུས་མཚུངས་ལས་89.7%འཕར་བ་དང་། དེང་རབས་ཅན་གྱི་ཟོག་འགྲེམས་དྲ་བ་བོད་ཀྱི་གང་སར་ཁྱབ་སྟེ། རྫོང་དང་ཆུས་74ཚང་མར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཞབས་ཞུ་རྦད་དེ་ཁྱབ་ཅིང་། ནུས་ཆེའི“བཟོ་ལས་ཐོན་རྫས་གཤམ་གཏོང་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་གཏོང་བའི”ཕྱོགས་གཉིས་པོའི་ཟོག་འགྲེམས་མ་ལག་བཏོད་དེ། མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དྲ་ཐོག་ཚོང་དོན་ཞབས་ཞུ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ་རེད།

    རིག་གནས་ཐོན་ལས་འདེགས་སྐྱོར་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་པ།

    དུས་ཆེན་དང་ངལ་གསོའི་དུས་ཚོད་འཆར་རིམ་བཞིན“ལྷ་མོའི་གྲོང་ཚོ་དང་པོའི”མཚན་སྙན་ལྡན་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཧ་ཅང་འཁྲུག་ཆ་དོད། ཡུལ་དེའི་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་སེམས་རྩ་འཁོལ་པོས་ཡུལ་སྐོར་བ་ཚོར་དཀར་གཙང་མཇལ་དར་བསྒྲོན་པ་དང་བཀྲ་ཤིས་པའི་ཕྱེ་མར་དང་མངར་ཟིལ་ལྡན་པའི་ནས་ཆང་དྲངས་ཏེ། ས་གནས་ཁག་གི་ཡུལ་སྐོར་བ་ཚོར་དགའ་བསུ་ཞུ་གི་ཡོད། སྡེ་ཁུལ་གྱི་ལམ་སྒྲོན་དང་། མཛུབ་ཁྲིད་བྱང་བུ། གྱང་གི་ཕྱི་རོལ་དུ་ལྷ་མོའི་མཚོན་རྟགས་གང་སར་མཐོང་རྒྱུ་ཡོད་པ་རེད།

    རིག་གནས་ཡུལ་སྐོར་དར། གྲོང་གསེབ་འབྱོར་པ་རྒྱས། ཉིང་ཁྲིའི་ཀ་ལ་གྲོང་ཚོས“ཁམ་བུའི་འབྱུང་ཁུངས”ཀྱི་ལྟ་སྐོར་དང་སྔོག་འཐུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནས་ཇོ་རིའི་འདབས་ཀྱི་དིང་རི་རྫོང་གི་བཀྲ་ཤིས་འཛོམས་ཤང་གིས“ཇོ་རིའི་གྲོང་རྡལ་ཆུང་ངུ”རྩེ་གྲ་བཏོད་པ་དང་། G219མཐའ་མཚམས་སྐྱེ་ཁམས་ཡུལ་སྐོར་བར་འཁྱམས་དང་། G318ཡུལ་ལྗོངས་ལམ་ཆེན། G349གསར་བརྗེའི་ཡུལ་སྐོར་བར་འཁྱམས་སོགས་ཀུན་གྱིས་དོ་སྣང་བྱེད་ཡུལ་གྱི་ལམ་ཐིག་ཏུ་གྱུར་པ་དང་། ཆད་མེད་ཡུལ་སྐོར་གྱི་རྒྱུན་ལས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། ཁྱིམ་ཆས་དང་གྱོན་གོས། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་ཀྱི་མཁོ་སྤྲོད་དང་དགོས་མཁོ་གཉིས་ཀའི་དར་རྒྱས་ལ་སྐུལ་ཁྲིད་བྱས་ཡོད་པ་རེད།

    2023ལོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5500ལས་བརྒལ་ནས་ཡོང་འབབ་སྒོར་དུང་ཕྱུར་650ལས་བརྒལ་བ་དང་། ད་ལོའི་ཟླ་དང་པོ་དང་གཉིས་པར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་320ལྷག་ཙམ་ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་120.4%འཕར་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་བོད་ཀྱི་འདེགས་སྐྱོར་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།