དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་དུས་རེ་བའི་ས་བོན་བཏབ། སྟོན་དུས་བང་མཛོད་འབྲུ་ཡིས་ཁེངས།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོའི་སྲོལ་རྒྱུན་གྱི་གཉའ་གཅོག་མཛད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    དཔྱིད་སོ་ནམ་སྒེག་མོས།། འབྱུང་བཞི་དྲོད་རོགས་གནང་དང་།།

    ངའི་གྲོ་ནས་སྲན་གསུམ།། རྩ་བ་འཛུགས་དགོས་ཡོད་དོ།།

    དབྱར་སོ་ནམ་སྒེག་མོས།། སྦྲང་ཆར་འབེབ་རོགས་གནང་དང་།།

    ངའི་སྲན་མའི་མེ་ཏོག། ཞལ་ཁ་ཕྱེ་དགོས་ཡོད་དོ།།

    སྟོན་སོ་ནམ་སྒེག་མོས།། ནམ་མཇུག་སྒྲིལ་རོགས་གནང་དང་།།

    ངའི་གྲོ་ནས་སྲན་གསུམ།། རྨོད་ལ་འགྲོ་དགོས་ཡོད་དོ།།

    འདི་ནི་སྲོལ་རྒྱུན་གྱི་དམངས་ཁྲོད་ལས་གཞས་ཤིག་རེད།  དབྱངས་སྒྲ་འདི་ཉིད་དེ་རིང་སླར་ཡང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོར་ལྷང་ལྷང་དུ་གྲགས།    གྲོང་མི་ཚོའི་ངོས་ནས་བརྗོད་ན་དེ་རིང་ནི་སྤྱིར་གཏང་གི་ཉིན་མོ་ཞིག་མ་ཡིན་པར།  སོ་ནམ་གྱི་ལས་འགོ་དངོས་སུ་འགོ་ཚུགས་པའི་རྟགས་རེད་ལ།  ལོ་ལེགས་འབྲས་བཟང་ཡོང་བའི་རྟེན་འབྲེལ་གྱི་ཉིན་མོ་ཞིག་ཀྱང་རེད།

    ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོར་གྲགས་པའི་ལྷིང་འཇགས་ཀྱི་གྲོང་ཚོ་འདི་ཉིད་དཔྱིད་དུས་ཀྱི་བསིལ་རླུང་ཁྲོད་དགོད་སྒྲ་དང་བྲེལ་ཚུབ་གྱིས་ཁེངས།  དྲོ་ཞིང་འཇམ་པའི་ཉི་འོད་རྒྱལ་སྨན་གྲོང་ཚོར་འཕྲོ་སྐབས།   གྲོང་མི་ཚོས་གྲ་སྒྲིག་གང་རྒྱས་རྒྱས་བྱས་ནས་ལོ་ལེགས་འབྲས་བཟང་ཡོང་བའི་རྟེན་འབྲེལ་བསྒྲིགས་བཞིན་ཡོད།

    འདི་ལོ་ལོ་60ལ་སླེབས་པའི་རྒྱལ་སྨན་གྲོང་ཚོའི་པཱ་དབང་འདུས་ལགས་ཡང་དེ་དག་གི་གྲས་ཤིག་ཡིན་ཞིང་།   ཁོང་གིས་ཞོགས་པ་སྔ་པོར་མལ་ལས་ལངས་ཏེ་རང་ཁྱིམ་གྱི་སྒོ་ཕྱུགས་ལ་མཛེས་རྒྱན་ལེགས་པར་སྤྲད། ཁྱིམ་ཚང་མི་རེ་ངོ་རེས་མཛད་སྒོའི་གོང་གི་ཉིན་བདུན་ཙམ་ནས་ཆང་བཙོ་གི་ཡོད་ཅིང་། ཨ་མ་པ་སངས་ལགས་ཀྱིས་ཀྱང་ཉིན་ཤས་གོང་ནས་བསྙལ་པའི་ནས་ཆང་སོགས་གཉའ་སྤྲོའི་མཛད་སྒོར་མཁོ་བའི་ཅ་ལག་རྣམས་གྲ་སྒྲིག་ཨང་གསར་བྱས།  སེམས་རྩ་ཁོལ་བའི་ཨ་མ་པ་སངས་ལགས་ཀྱིས་གུས་མོར་ཡང་འཕྱོངས་རྒྱས་ཀྱི་གཟབ་སྤྲོས་རྒྱས་ཐག་ཅོས་ཅིག་གཡོག་གནང་བྱུང་།

    རྨོ་འདེབས་རིག་གནས་ཀྱིས་བོད་ཀྱི་ཐོན་སྐྱེད་ངལ་རྩོལ་དང་འཚོ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་སྟབས་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་དེའི་འགོ་ཚུགས་ཀྱི་མཛད་སྒོ་ཡང་གཟབ་རྒྱས་ཤིག་སྤེལ་གྱི་ཡོད་པ་དེར་མི་རྣམས་ཀྱིས་རྨོད་གཉའ་གཅོག་པའམ་གཉའ་སྤྲོའི་མཛད་སྒོ་ཞེས་འབོད་ཀྱི་ཡོད་དེ།ལོ་ལེགས་འབྲས་བཟང་ཡོང་བའི་སྨོན་འདུན་བཟང་པོ་མཚོན་པར་བྱ།  

    བོད་ཁུལ་གྱི་གཉའ་སྤྲོའི་མཛད་སྒོ་ནི་རང་དགར་སྤེལ་བ་ཞིག་མིན་པར་སྤྱིར་སྨན་རྩིས་ཁང་གི་ལོ་ཐོ་གཞིར་བཟུང་བ་དང་།  ཡུལ་ལུང་སོ་སོའི་ཉི་ཐིག་དང་སྐར་ཐིག་སོགས་ལ་གཞིགས་ནས་རྨོ་འདེབས་མཛད་སྒོ་སྤེལ་གྱི་ཡོད་པ་རེད།    གཉའ་སྤྲོའི་མཛད་སྒོ་ནས་བཟུང་སྔ་འདེབས་དང་བར་འདེབས་ཀྱི་དུས་ཚོད་ཡང་ཚང་མ་ལོ་ཐོའི་ནང་དོན་དང་བསྟུན་གྱི་ཡོད་ཅིང་།   སྤྱིར་ན་བོད་ཟླ་དང་པོའི་ཟླ་མཇུག་ནས་གཉིས་པའི་ཟླ་འགོ་བར་སྔ་རྗེས་སུ་སྤེལ་གྱི་ཡོད་པ་རེད།   

    ད་ལོ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོའི་གཉའ་སྤྲོའི་མཛད་སྒོ་དེ་ལོ་ཐོའི་ནང་དོན་ལྟར།  བོད་ཟླ་2པའི་ཚེས་7ཏེ་སྤྱི་ཟླ་3པའི་ཚེས་16ཉིན་སྤེལ་རྒྱུར་གཏན་འཁེལ།   

    ལོ་ཐོའི་ནང་གཟའ་སྐར་འཕྲོད་སྦྱོར་གྱི་དུས་བཟང་ཉིན་མོ་འདིར་ཟོར་ཐོང་འཛོམས་པས་རྨོད་གཉའ་བཅོག་ན་ལེགས་ཞེས་འཁོད་ཡོད་པས།  དེ་རིང་བོད་ཀྱི་ཡུལ་གྲུ་གཞན་ལ་ཡང་རྨོད་གཉའ་གཅོག་པའི་མཛད་སྒོ་ཟབ་རྒྱས་ངང་ཚོགས་དང་ཚོགས་བཞིན་པའི་སྒང་རེད།  སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གཟབ་མཆོར་ལེགས་པར་སྤྲས་པ་དང་བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་།  རང་ཁྱིམ་གྱི་སྒོ་ཕྱུགས་ལ་མཛེས་རྒྱན་ལེགས་པར་སྤྲད་ནས་གཅིག་རྗེས་གཉིས་མཐུད་ངང་ཞིང་ནང་དང་མུ་ཁར་ཡོང་། སྤྱིར་ན་ཁྱིམ་དུད་གསུམ་རེས་རྨོ་གླང་དོར་སྦྲེལ་རེ་འཁྲིད་ཡོང་ཞིང་།ཁྱིམ་འཛིན་བུད་མེད་ཀྱིས་ཆང་ཕུད་གཏོར་ལན་གསུམ་རྗེས་རྨོ་གླང་གི་ཐོད་པར་མར་གྱི་ཡས་བཟེད་གསུམ་རྒྱག་པ།མཛད་སྒོ་དངོས་སུ་འགོ་མ་ཚུགས་གོང་མི་ཕྱུགས་གཉིས་ཀས་ཞིམ་པའི་བཟས་ལ་ལོངས་སུ་སྤྱོད།དེ་ནས་ཚང་མས་ཕྱེ་མར་དང་ཆང་ཕུད་སོགས་འཁྱེར་ནས་རང་ཁྱིམ་གྱི་ས་རྒྱུ་གཤིན་ལ་རྒྱ་ཁྱོན་ཅུང་ཆེ་བའི་ཞིང་ཁ་ཞིག་གི་དབུས་སུ་ལྷ་རྡོ་དཀར་པོ་གསུམ་བཙུགས་ནས་ཡས་བཟེད་རྒྱག་པ་དང་ཕྱེ་མར་ཆང་ཕུད་གཏོར་བ། དེའི་འགྲམ་དུ་བསང་གཏོང་བ་དང་རྔ་མ་དམར་པོའི་རྒྱན་གྱིས་སྤྲས་པའི་རྨོན་ཕྱུགས་ལ་ཕྱེ་མར་ཆང་ཕུད་སྟེར་བ་དང་མི་རྣམས་ཀྱང་ཆང་ཕུད་འཐུང་བ་མ་ཟད། ཕྱེ་མར་ཕུད་གཏོར་བྱས་ནས་སྤྱིར་མི་ནད་ཕྱུགས་ནད་མེད་པ་དང་ཡང་སྒོས་ཆར་ཆུ་འབེལ་བ་དང་། ལོ་ཕྱུགས་ལེགས་པ། སད་དང་སེར་བ་མེད་པར་ལོ་ལེགས་གང་ཡག་ཡོང་བའི་སྨོན་ལམ་བརྒྱབ།

    ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་རྨོད་གཉའ་གཅོག་པའི་མཛད་སྒོ་དེ་ལྷག་བསམ་དཀར་པོའི་སྨོན་ཚིག་དང་ཐལ་མོའི་རྡེབ་སྒྲའི་ཁྲོད།དར་ཚོན་གྱིས་མཛེས་པར་བརྒྱན་ལ་གཟུགས་སྟོབས་ཆེ་བའི་རྨོན་གླང་གཉིས་ཀྱིས་རོལ་ཁ་གཏོང་བ་དང་བསྟུན་དངོས་སུ་འགོ་ཚུགས། ད་ལོའི་ལོ་རྟགས་དང་ཆ་ཡིན་པའི་བུད་མེད་གཅིག་གིས་བཀྲ་ཤིས་པའི་འབྲུ་སོན་དང་པོ་དེ་འདེབས།  དེ་བྱིངས་ཀྱི་རྨོ་གླང་དོར་དུ་སྦྲེལ་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཞིང་རྨོ་སློག་བརྒྱབ་བཞིན་ཡོད་པ་དེས།  མི་ཕྱུགས་བདེ་འཁོད་ཀྱིས་རྣམ་པ་ཞིག་མངོན།   རྨོ་གླང་དོར་དུ་སྦྲེལ་བ་རེ་རེའི་རྗེས་སུ་གཟབ་མཆོར་གྱིས་རྒྱན་པའི་བུད་མེད་རེ་རེ་ཡོད་པ་དང་། ཁོ་ཚོས་ལག་པ་གཡོན་པར་ས་བོན་ཟོ་བ་གང་ཁྱེར་བ་དང་། ལག་པ་གཡས་པ་དབྱངས་འགྲོས་ལྡན་པའི་སྒོ་ནས་གཡུག་བཞིན་ཡོད། རྨོ་གླང་གིས་དཀྱུས་གཅིག་ཏུ་རྨོ་སློག་བརྒྱབ་ནས་ཞིང་ས་གཤིན་པོའི་དྲི་ངད་ལྷང་ལྷང་དུ་ལྡང་བར་བྱ། དེས་ན་ཁོང་ཚོས་སོན་བཟང་རྣམས་རེ་བའི་ཞིང་སར་གཏོར་གྱིན་ཡོད།     

    ཞིང་ཐང་ཡངས་པོའི་སྟེང་དུ་དོར་དུ་སྦྲེལ་བའི་རྨོན་གླང་གི་རྭ་རྩེ་དང་། རྣ། སྒལ་པ། རྔ་མ་སོགས་སུ་ཚོན་མདོག་སྣ་ལྔའི་དར་གྱིས་ལེགས་པར་བརྒྱན་པ་དང་། སྐེ་ལ་དྲིལ་བུ་དང་ཨེར་ཁ་སོགས་བཏགས་ནས་མཛེས་པའི་རྒྱན་གྱིས་རྟེན་འབྲེལ་བཟང་པོ་མཚོན་པར་བྱས།   སྣ་མང་ཕུན་སུམ་ཚོགས་པའི་མཛད་སྒོའི་བྱ་རིམ་ཁག་གྲུབ་རྗེས་གྲོང་པ་ཁྱིམ་མཚེས་རྣམས་མཉམ་དུ་ཇ་ཆང་ལ་རོལ་བ་དང་གཞས་དང་ཞབས་བྲོ་བརྒྱབ་ནས་རྟེན་འབྲེལ་མ་འཕྱུགས་པ་བྱེད་ཀྱི་ཡོད།

    ཁོང་རྣམ་པས་ལེན་པའི་གཞས་དང་འཁྲབ་པའི་བྲོ་ཡང་རང་ག་བ་མ་ཡིན་པར་མཛད་སྒོའི་བྱ་རིམ་བཞིན་ལྡེམ་གླུ་དང་གཞས་ཆེན་གཏོང་ལེན། རྦད་ཤོད་པ་སོགས་གནའ་བོའི་ཉམས་འགྱུར་གྱི་ཕྱུག་པའི་རྐང་བྲོ་གླུ་ལེན་ཤ་སྟག་ཡིན།   དེ་རྣམས་ལས་མི་རིགས་ཀྱི་རིག་གནས་མངོན་པར་བྱས་ཡོད་ལ།  ཀྲུང་ཧྭ་རིག་གནས་བང་མཛོད་ཁྲོད་ཀྱི་ངོམས་སུ་ཆོགས་པའི་མུ་ཏིག་རྡོག་པོ་རེ་རེ་ཡིན་པ་ཡང་མཚོན་ཡོད།

    དཔྱིད་རྨོད་ཀྱི་མཛད་སྒོ་ཚང་མ་མཇུག་རྫོགས་རྗེས།གྲོང་མི་ཚོས་རྩིས་བཤེར་ཟེར་བའི་འགྲན་བསྡུར་ཞིག་སྤེལ་ཞིང་། མི་རྣམས་ཀྱི་ལྟ་སྐུལ་འོག་རང་ཉིད་ཀྱི་ཕད་ཁུག་རེ་རེ་བཞིན་ཁ་ཕྱེ་སྟེ།  སྦོད་དམར་དང་། གཤོལ་ལྕགས།  ལྕག་ཚན།  གཅུས་གཟེར་སྣ་ཚོགས།  སྐམ་པ།  བོད་གྲི ནས་ཆང་། ཚ།  ཇ་བག་ཆུང་།  མར། ཤ་སྐམ་པོ།  ལུག་ཤ།  ཤིང་ཕོར་སོགས་རྨོ་འདེབས་ལ་མཁོ་བའི་ཡོ་བྱད་དང་བཟའ་བཅའ་རྣམས་ཚང་མིན་ཞིབ་བཤེར་བྱས།  རོལ་རྩེད་འདིའི་ནང་དུ་ཁོ་ཚོས་ཁུག་མ་ཆུང་ཆུང་ནང་དུ་སུ་ཞིག་གིས་དངོས་པོ་ཚང་ཤོས་དེར་རྒྱལ་ཁ་ཐོབ་པ་དང་།མ་ཚང་བར་ཉེས་ཆང་བསྐྱག་གིན་ཡོད།  

    ད་ཆ་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་འགྲོ་བ་དང་བསྟུན། ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཡོད་ཅིང་། དཔྱིད་རྨོ་འདེབས་དང་སྟོན་གཡུལ་ལས་ལ་མི་ཤུགས་དང་སྒོ་ཕྱུགས་ཁོ་ནར་བརྟེན་མི་དགོས། འོན་ཀྱང་། རྒྱལ་སྨན་གྲོང་ཚོས་གཉའ་གཅོག་མཛད་སྒོ་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་པའི་རྨོན་གླང་དོར་དུ་སྦྲེལ་བའི་སྲོལ་རྒྱུན་ལྟར་སྤེལ་ཡོད་ཅིང་། དེ་ཡང་བོད་ཀྱི་སོ་ནམ་རིག་གནས་ཀྱི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།

    ལྷག་པར་དུ་བོད་དུ་ལོ་ངོ་སྟོང་ཕྲག་རིང་རྨོན་པ་དོར་བསྡེབས་ཀྱིས་ས་ཞིང་རྨོ་འདེབས་བྱས་ཡོད་ཅིང་། དེ་ཡང་མཛོ་དང་གླང་སོགས་གཉིས་རེ་ཆ་བསྒྲིགས་ཀྱིས་གཉའ་སྦྲེལ་ནས་ས་ཞིང་རྨོས་ན་རྨོས་གཏིང་རིང་བ་དང་། རྨོ་མགྱོགས་པ། ཟུར་ཚད་འདྲོང་བ་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད་པ་ནི་ས་མཐོའི་མེས་པོ་ཚོའི་བློ་གྲོས་དང་ཉམས་མྱོང་ལས་ཐོན་པ་ཞིག་རེད། དེའི་སྲོལ་གཏོད་པ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱི་མཛད་རྗེས་གླེང་སྐབས། “མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་། དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་བྱུང་། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ས་གཞི་རྨོས་ནས་ཕུ་ཆུ་ཡུར་དུ་དྲངས། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། རྨོས་པའི་ལོ་ཏོག་ཐོག་མར་དེ་ནས་བྱུང”ཞེས་པར་གཞིགས་ན། བོད་ཀྱི་རྨོ་འདེབས་ལོ་རྒྱུས་ཀྱི་ཁུངས་ནི་ཧ་ལམ་སྤྱི་ལོའི་དུས་རབས་དང་པོ་ཙམ་ལ་གཏུག་ཆོག་པ་ཞིག་ཡིན་ལ།  དེའི་ཆེས་རིང་བའི་ལོ་རྒྱུས་ལ་དཔང་རྟགས་ཐུབ།

    དེ་རིང་ང་ཚོས་བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བའི་གྲོང་མི་ཚོའི་འགྲོས་དང་བསྟུན་ནས་གནའ་བོའི་རྐང་བྲོ་གླུ་ལེན་ལ་རོལ་བ་དང་།  ཞིང་ཐང་ཡངས་མོའི་སྟེང་གི་འཁྲུག་ཆ་དོད་པའི་རྨོད་གཉའ་གཅོག་པའི་རྣམ་པར་ལོངས་སུ་སྤྱོད་བཞིན། མཛེས་སྡུག་གི་ཞིང་རྭར་རེ་བ་སྟོང་གི་སོན་འདེབས་བུ་མོའི་འཇོ་སྒེག་ལ་གཡེང་བཞིན་མཆིས། དེ་ནི་རབ་མཛེས་དཔྱིད་ཀའི་ཞིང་སའི་རྣམ་པ་ཡིན་ལ་སང་ཉིན་གྱི་རེ་བ་དང་མདུན་སྐྱོད་ཀྱི་ལམ་ཁར་ཕྱོགས་པའི་བདེ་སྐྱིད་ཀྱི་བཀོད་པ་ཡང་ཡིན།

    (གསར་འགོད་པ། བདེ་སྐྱིད་བུ་ཁྲིད། བདེ་སྐྱིད་སྒྲོལ་དཀར། གྲགས་པ་དབང་ཆེན། བདེ་ཆེན་དགྲ་འདུལ། བསོད་ནམས་བཀྲ་ཤིས། བསོད་ནམས་དབང་འདུས། བསྟན་འཛིན་གསལ་སྒྲོན། ཧྥང་ཅིང་། )


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།