དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྟན་ལྷིང་རྨང་གཞི་བརྟན་གཏོང་གིས། དུས་བདེའི་ལེའུ་གསར་མཉམ་དུ་བརྩམས།

    —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་དང་། སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། འདི་ལོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2023ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཞི་མཐུན་བྱུང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་འཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་བཏོན་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་དེར་དམ་པོར་དམིགས་ནས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་པས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་པ།

    2023ལོའི་ཟླ་4ཚེས་11ཉིན། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གོང་རིམ་སྡེ་ཚན་གྱི་སྔོན་ཚུད་ཉེན་བརྡའི་བཀའ་རྒྱ་ཞིག་འབྱོར་བ་སྟེ། སྔོན་ཚུད་ཉེན་བརྡ་གཏོང་ཡུལ་སྐུ་ཞབས་ཀྲའོ་ལགས(གསང་མིང)ཀྱིས་ཁ་བསླུས་དང་འབྲེལ་བའི་རྩིས་ཐོར་དངུལ་སྒོར་ཁྲི་20སྒྱུར་འདུག་པས། འཕྲལ་མར་སྔོན་ཚུད་ཉེན་བརྡ་བཏང་ནས་བཀག་སྡོམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་ཁ་པར་ཐོག་ནས་སྔོན་ཚུད་ཉེན་བརྡ་གཏོང་ཡུལ་སྐུ་ཞབས་ཀྲའོ་ལགས་དང་འབྲེལ་བ་བྱས། སྐུ་ཞབས་ཀྲའོ་ལགས་ཀྱིས་གཱ་ནང་གི་དངུལ་སྒོར་ཁྲི་200ལྷག་ཙམ་ཁག་སོ་སོར་བགོས་ནས་ཁ་བསླུས་དང་འབྲེལ་བ་ཡོད་པའི་རྩིས་ཐོར་སྒྱུར་རྩིས་ཡོད་པ་ཤེས་རྗེས། འཕྲལ་མར་སྐུ་ཞབས་ཀྲའོ་ལགས་ལ་ཁ་པར་བརྒྱབ་ནས་དེ་ནི་ཅིང་ཏུང་གི་སྤྱོད་དུད་ལ་བརྫུས་ནས་གསེར་ལྕུག་དང་ཆད་འཛིན་གྱི་རྩིས་ཐོའི་རིགས་ཀྱི་ཁ་བསླུས་རིགས་ཤིག་ཡིན་པས། འཕྲལ་མར་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་བསྐྱོད་དེ་གྱོད་དོན་སྙན་སེང་ཞུ་དགོས་པ་མ་ཟད། དངུལ་སྤྲོད་མཚམས་འཇོག་དགོས་པའི་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད། སྔོན་ཚུད་ཉེན་བརྡ་གཏོང་ཡུལ་སྐུ་ཞབས་ཀྲའོ་ལགས་ལྷ་ས་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་འབྱོར་རྗེས། སྔོན་ཚུད་ཉེན་བརྡ་གཏོང་མཁན་མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་པར་བརྟེན་གཞི་ནས་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས་ཏེ་སྒོར་ཁྲི་200ལྷག་ཙམ་གྱི་གྱོང་གུན་གསབ་ཐུབ་པ་བྱུང་ཡོད།

    མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་སྐུལ་འདེད་དང་། མྱུལ་ཞིབ་རྡུང་རྡེག སྔོན་ཚུད་ཉེན་བརྡ་བཏང་ནས་བཀག་སྡོམ་དང་། མཉམ་འཛུགས་མཉམ་བཅོས། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ཐད་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དོགས་ཟོན་མ་ལག་འཛུགས་པ་དང་ཚགས་དམ་དུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྡུང་རྡེག་དང་བཅོས་སྒྲིག་གི་མཉམ་ཤུགས་ཤིག་ཏན་ཏིག་ཆགས་པར་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱས་ཡོད།

    2022ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་1429རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་1316བཟུང་པ། མང་ཚོགས་ལ་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་8643ལེན་རོགས་བྱས་པ། མི་ཐེངས་ཁྲི་96.74ལ་སྔོན་ཚུད་ནས་ཉེན་བརྡ་བཏང་བ་དང་ཁ་ཏ་བསླབ་བྱ་བྱས་པ། ཐད་ཀའི་གྱོང་གུན་སྒོར་ཁྲི་4657མི་ཕོག་པ་བྱས་ཡོད།

    2023ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཆ་འཕྲིན་དྲ་རྒྱར་རོགས་རམ་གྱི་ཉེས་གསོག་བྱེད་སྤྱོད་སོགས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་གྱོད་གཞི་111ལ་ཆད་པ་ནན་པོ་བཅད་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐོན་མང་དུ་ཕྱིན་པར་དམིགས་ཏེ་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་འབྲེལ་ཡོད་ཉེས་གསོག་པ་467ཁྲིམས་ལ་སྦྱར་བ་རེད།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་། 2023ལོར་ཉེས་དོན་ཉེས་གསོག་ལ་ཁྲིམས་ལྟར་དོ་དམ་ནན་པོ་བྱེད་དགོས་རིགས་ལ་དོ་དམ་ནན་པོ་དང་གུ་ཡངས་གཏོང་དགོས་རིགས་ལ་གུ་ཡངས་སུ་བཏང་སྟེ་རིགས་ཁག་གི་ཉེས་གསོག་དོགས་ཅན་1113འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

    འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་པས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་ཕྱིན་པ།

    2023ལོའི་ཟླ་བདུན་པར། ཏུའུ་ཆེ་གེ་མོ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ལས་ཡུལ་ཞིག་ཏུ་ལས་ཀ་བྱེད་སྐབས་གཟབ་གཟབ་མ་བྱས་སྟབས་འགྱེལ་ནས་ལག་གཡས་པ་ཆག་པ་དང་རྐུབ་ལ་རྨས་སྐྱོན་ཕོག གནས་ཚུལ་དེའི་དབང་གིས་རྩོད་གཞི་ཐོན། ཏུའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོའི་དབར་སྐྱིན་ཚབ་འཇལ་བའི་དངུལ་གྲངས་ཐད་རྩོད་གླེང་བྱུང་ནས་ཕྱོགས་གཉིས་པོའི་དབར་གྲོས་མོལ་བྱེད་ཐབས་བྲལ་བས། ཁོ་གཉིས་མཉམ་དུ་མཚོ་ཆེན་རྫོང“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སུ་བསྐྱོད་དེ་མི་དམངས་འདུམ་འགྲིག་པས་འདུམ་འགྲིག་བྱ་རྒྱུའི་རེ་ཞུ་བྱས། འདུམ་འགྲིག་བྱས་པ་བརྒྱུད། ཏུའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་གཉིས་དབར་འགལ་ཟླ་དང་རྩོད་གཞིར་འདུམ་འགྲིག་གི་གྲོས་མཐུན་བྱུང་བ་རེད། དེ་རྗེས་ལས་དོན་པའི་མཛུབ་ཁྲིད་འོག་ཉིན་དེའི་ཕྱི་དྲོ་དོ་བདག་ཕྱོགས་གཉིས་པོས་རྫོང་མི་དམངས་ཁྲིམས་ཁང་དུ་ཁྲིམས་འཛིན་གཏན་འཁེལ་བྱ་རྒྱུའི་རེ་ཞུ་བྱས་པ་དང་བསྟུན་ནས་རྩོད་གཞི་འདུམ་འགྲིག་བྱེད་ཐུབ་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སྐྲུན་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཤང་དང་གྲོང་རྡལ(ཁྲོམ་གཞུང)བཅས་ཁག་གཅིག་ཚོད་ལྟའི་ཁུལ་དུ་བྱས་ནས“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སྐྲུན་པར་སྐུལ་འདེད་མགྱོགས་པོ་བཏང་ཡོད། མིག་སྔར་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་664སྐྲུན་པར་སྐུལ་འདེད་བཏང་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་མཛུབ་ཁྲིད་དང་སྐུལ་འདེད་འོག ལྗོངས་ཡོངས་ཀྱི་རིགས་ཁག་གི་འདུམ་འགྲིག་རྩ་འཛུགས་ཀྱིས་མི་དམངས་འདུམ་འགྲིག་གི་རྨང་གཞིའི་ནུས་པ་གང་ལེགས་བཏོན་ནས་ཞུ་གཏུག་དང་། འདྲི་རྩད། ཉེན་རྟོག་པའི་འདུམ་འགྲིག་བཅས་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་དུས་ཐོག་ཏུ་ས་ཆ་དེ་རང་དུ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་ཡོད།

    2023ལོར་ལྗོངས་ཡོངས་ཀྱི་རིགས་ཁག་གི་འདུམ་འགྲིག་རྩ་འཛུགས་ཀྱིས་ཁྱོན་འགལ་ཟླ་དང་རྩོད་གཞི་2225གྲལ་བཤེར་དང་སྔོན་འགོག་བྱས་པ་དང་། རྩོད་གཞི་8129འདུམ་འགྲིག་བྱས་པས་འདུམ་འགྲིག་ཐུབ་ཚད་96%ཟིན་ནས་མི་དམངས་འདུམ་འགྲིག་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།

    མི་དམངས་ཉེན་རྟོག་པ་འཁྲིས་སུ་ཡོད་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་ཕྱིན་པ།

    “དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་བརྒྱུད། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཟིལ་གནོན་དང་རྡུང་རྡེག་ནུས་ལྡན་བཏང་བས་མི་སེར་ཚོར་དུས་དང་རྣམ་པ་ཀུན་ཏུ་ཉེན་རྟོག་པ་འཁྲིས་སུ་ཡོད་པས་བདེ་འཇགས་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་རང་ལྗོངས་ཀྱི་མང་ཚོགས་ཀྱིས་དེ་ལྟར་བརྗོད།

    2023ལོའི་ཟླ་6ཚེས་25ནས་ཟླ་9ཚེས་30ཉིན་བར། སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་དང་། སྔོན་འགོག དོ་དམ། བཅོས་སྒྲིག འཛུགས་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་ཐང་ཆེན་གྱི་ཚོང་ར་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། མཚན་ཁྲོམ་གྱི་ཁྲོམ་བཀྱག དྲ་ཐོག་མིང་ཅན་གྱི་སྐད་གྲགས་ཆོད་ཡུལ་སོགས་མི་སྣ་འདུ་འཛོམས་མང་བའི་ས་ཁོངས་ལ་དམིགས་ཏེ་རྐང་ཐང་མར་སྐོར་ཞིབ་དང་། རླངས་འཁོར་ལ་བསྡད་ནས་སྐོར་ཞིབ། གནས་གཏན་འཁེལ་གྱི་སྐོར་ཞིབ། སྐོར་སྐྱོད་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཉེན་རྟོག་པ་དང་། ཉེན་རྟོག་པའི་རླངས་འཁོར། ཉེན་རྟོག་པའི་གློག་སྒྲོན་བཅས“མཐོང་ཐུབ་པ་གསུམ”གྱི་བྱེད་ཐབས་དོན་འཁྱོལ་གྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉེན་རྟོག་པ་ཁྲོམ་གཞུང་དུ་བཀོད་སྒྲིག་དང་གློག་སྒྲོན་སྤར་ནས་ཉེན་རྟོག་པ་མཐོང་བ་བྱས་ཡོད། སྔ་རྗེས་སུ་དབྱར་དུས་ཀྱི་བདེ་འཇགས་སྐོར་ཞིབ་དང་གཅིག་སྡུད་སྔོན་འགོག་གི་གཅིག་སྡུད་བྱ་སྤྱོད་ཐེངས་5སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། རིམ་རྩིས་བྱས་ན་ཉེས་དོན་གྱོད་གཞི་རིགས་ཁག་701རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་681བཟུང་པ་རེད། འགལ་ཟླ་དང་རྩོད་གཞི་རིགས་ཁག་3063གྲལ་བཤེར་དང་འདུམ་འགྲིག་བྱས་པ་དང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་7600ལྷག་ཙམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་མུ་མཐུད་ཆེ་རུ་ཕྱིན་ཡོད།

    དམངས་ཀྱི་རེ་འདོད་ནི་སྲིད་ཀྱི་འཕེལ་ཕྱོགས་ཡིན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བརྟན་ལྷིང་ནི་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་མཐའ་དག་གི་སྔོན་འགྲོའི་ཆ་རྐྱེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་གནས་ས་ཡིན་པ་ར་སྤྲོད་ཁུངས་བཙན་བྱུང་ཡོད། མིག་སྔའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། མི་དམངས་བདེ་སྐྱིད་བཅས་བྱུང་ནས་སྤྱི་ཚོགས་བརྟན་ལྷིང་ཞི་མཐུན་དང་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།