དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁས་ཚོང་དུད་170ཙམ་དང་གན་རྒྱ་བཞག་པ།

    སྤུས་ཚད་དང་ཚད་གཞི་མཐོ་བའི“ཤ་ཚལ་སྒོང་གསུམ”གྱི་ཟོག་འགྲེམས་གཏོད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    2021ལོའི་ཟླ་8པར། ཨར་པོ་ལོ་3ཙམ་བརྒྱབ་པ་བརྒྱུད་བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། རང་ལྗོངས་ཀྱི་ཆེ་ཤོས་དང་ཆེད་ལས་ལྡན་ཤོས་ཀྱི་གྲང་ཕྲེང་ཁྲོམ་ར་ཞིག་སྟེ། བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁ་བསྐྲུན་པ་ལས་རང་ལྗོངས་ཀྱི་གྲང་ཕྲེང་ཟོག་འགྲེམས་ཚད་གཞི་ཅན་དང་། ཆ་འཕྲིན་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་ཐེབས་ཡོད་པ་རེད།

    བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་ཤིག་ཡིན་ལ། སྟོད་ལུང་བདེ་ཆེན་ཆུས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཀྱང་ཡིན་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་བཟོ་ལས་གླིང་Bཁུལ་དུ་གནས་པ་དང་། རྣམ་གྲངས་སྐྲུན་ཡུལ་གྱི་ལྷོ་ངོས་རྒྱལ་ལམ་109དང་འབྲེལ་ཡོད་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་5བཏང་བ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་8ཟིན་པ་ལས་ཐོག་སོ་4ཡི་འཁྱག་མཛོད་སྟར་པ་2ཡོད་པ་དང་། བཟའ་བཅའི་ལས་སྣོན་ཁུལ་5དང་དེ་བཞིན་ལེ་ལག་ཚང་བའི་གཞུང་ལས་ཁུལ་དང་། ཉལ་ཁང་། ཟ་ཁང་། སྒྲིག་ཆས་ཁང་པ། རླངས་འཁོར་འཇོག་ས་སོགས་ཡོད་པ་མ་ཟད། མཛོད་ཁང་ནང་ཅ་དངོས་ཏུན་ཁྲི་10ཤོང་བཟོ་ཡོད་པ་རེད།

    མིག་སྔར་ཟོག་འགྲེམས་གྲུ་ཁ་དེར་ཚོང་དུད་170ཙམ་་གན་རྒྱ་བཞག་ནས་ཞུགས་ཡོད་པ་དང་། འཁྱག་མཛོད་ཧྲིལ་པོ་བོགས་མར་གཏོང་ཚད་93%ཟིན་པ། ཚོང་ཁང་ཧྲིལ་པོ་བོགས་མར་གཏོང་ཚད་95%ཟིན་གྱི་ཡོད། ད་ཆ་སེ་ཉན་དང་། སན་ཆོན། ཏཱ་ཧུང་མོན་སོགས་སྤུས་རྟགས་ཚོང་དུད་ཞུགས་ཡོད་པ་དང་། བྱ་དེ་དང་ཡཱ་ཙེའི་ཞོར་ཐོན་དངོས་རྫས་དང་། ཕག་ཤའི་ཞོར་ཐོན་དངོས་རྫས། ཚགས་ཤ་དང་ལུག་ཤ མཚོ་ཟས་སོས་པ། དེ་བཞིན་ཐུག་པའི་རིགས་དང་། བསྲེགས་ཟས། རྒྱ་ཁོག་གི་རྒྱུ་ཆ་སོགས་ཚུད་ཡོད་པ་རེད།

    གྲང་ཕྲེང་ཟོག་འགྲེམས་གྲུ་ཁར་ཞུགས་མཁན་ཚོང་པ་ཐང་ཕིང་གིས་གསར་འགོད་པར། ཟོག་འགྲེམས་གྲུ་ཁ་སྤྱོད་འགོ་ཚུགས་རྗེས་ང་ཚོའི་ཀུང་སི་དེར་ཞུགས་ནས། གཙོ་བོ་སྒོ་ཕྱུགས་དང་ཁྱིམ་བྱའི་འཁྱག་ཤ་སོགས་འཚོང་གི་ཡོད། བོད་དུ་མཉམ་ལས་ཚོང་ཁང་400ལྷག་ཙམ་ཡོད་ཅེས་བཤད། “ང་ཚོས་ཟོག་འགྲེམས་གྲུ་ཁ་དེ་བདམས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྒྲིག་བཀོད་འཐུས་སྒོ་ཚང་ལ་ཞབས་འདེགས་ཆེད་ལས་ལྡན་པས། ང་ཚོའི་ཀུང་སིའི་འཕེལ་རྒྱས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པས་ཡིན། ད་ཆ་མཉམ་ལས་བྱེད་མཁན་ཚོང་ཁང་དང་ཚོང་དུད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་གཉེར་སྐྱོང་གི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཐང་ཕིང་གིས་བཤད།

    གསར་འགོད་པས། སྟོད་ལུང་བདེ་ཆེན་ཆུས་ཤུས་ཧྥུང་ཚོང་ཁང་གི་ལས་དོན་མི་སྣས་འཁྱག་མཛོད་ནང་གི་ཕག་ཤ་དང་བྱ་ཤ་སྒམ་རེ་རེ་རླངས་འཁོར་ནང་བླུག་གི་ཡོད་པ་མཐོང་། ཉིན་དེར། ཁོང་ཚོས་དངོས་ཟོག་ཤོག་སྒམ་1000ལྷག་ཙམ་ལྷ་སའི་ཞིང་ཟོག་ཁྲོམ་ར་ཁ་ཤས་ལ་སྐྱེལ་རྩིས་བྱེད་ཀྱི་ཡོད་པ་རེད། ཚོང་ཁང་དེའི་ལས་མིས་གསར་འགོད་པར། ཁོང་ཚོས་གཙོ་བོར་རང་ལྗོངས་ཀྱི་ཞིང་ཟོག་ཁྲོམ་ར་20ཙམ་གྱི་ཚོང་དུད་1000ལྷག་ཙམ་དང་མཉམ་ལས་བྱེད་ཀྱི་ཡོད་ལ། 2022ལོའི་ཟླ་གསུམ་པར་ཟོག་འགྲེམས་གྲུ་ཁར་ཞུགས་པ་ཡིན། “འདི་གའི་འཁྱག་མཛོད་ཀྱི་དྲོད་ཚད་གསོག་ཉར་དངོས་ཟོག་ལ་གཞིགས་ནས་ལེགས་སྒྲིག་བྱེད་ཆོག་པས། དྲོད་ཚད་དམའ་བའི་འཁྱག་ཉར་ཁང་གི་བཟའ་བཅའ་སོས་པ་དང་ཞིམ་པོ་འགན་ལེན་བྱེད་ཐུབ་ཀྱི་འདུག” “བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁའི་འཁྱག་མཛོད་ཀྱི་དྲོད་ཚད་འཁྱག་ཉར་དངོས་ཟོག་ཉར་ཚགས་ལ་ཧ་ཅང་འཚམ་པོ་འདུག བོགས་དངུལ་ཡང་ལུགས་མཐུན་རེད། ང་ཚོའི་ད་ཆའི་མཛོད་ཉར་བསྡོམས་འབོར་སྒོར་ཁྲི་1300ཡས་མས་ཟིན་པས་གྲང་ཕྲེང་ཟོག་འགྲེམས་གྲུ་ཁར་ཞུགས་རྗེས་ང་ཚོར་ཆེད་ལས་ཀྱི་ཞབས་འདེགས་ཞུ་གི་འདུག”ཅེས་སྟོད་ལུང་བདེ་ཆེན་ཆུས་ཤུས་ཧྥུང་ཚོང་ཁང་གི་ལས་དོན་མི་སྣ་མུའུ་ཅུན་གྱིས་བཤད།

    བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་གྲུ་ཁས་དངུལ་ཁང་དང་། མྱུར་སྐྱེལ། ཟོག་འགྲེམས་བཅས་འབྲེལ་ཡོད་ཁེ་ལས་བསྡུ་སྒྲིལ་བྱས་ཐོག་རིག་ལྡན་ཟོག་འགྲེམས་གླིང་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ལེ་ལག་རམ་འདེགས་སུ་བྱས་ནས། ལྗོངས་ཕྱི་ནང་གི་འཁྱག་ཉར་དངོས་ཟོག་གི་ཆེད་ལས་ཚོང་པ་ཆེ་འབྲིང་ཆུང་གསུམ་དེ་གར་གཉེར་སྐྱོང་བྱེད་པའི་ཡིད་དབང་བཀུག་པ་དང་། དེ་དང་ཆབས་ཅིག ཐབ་ཚང་ཨ་མའི་བཟའ་བཅའ་ཐོན་སྐྱེད་ལས་སྣོན་དང་ཆ་ཚང་སྡེབ་སྐྱེལ་གྱི་ཐོན་ལས་འཁོར་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་དང་། ཟ་ཁང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ཟ་ཁང་། སློབ་གྲྭ་སོགས་ལ་ཞབས་འདེགས་ཞུས་ནས། གྲོང་ཁྱེར་དེའི་སྔོ་ཚལ་གྱི་འཕྲོད་བསྟེན་བདེ་འཇགས་ལ་འགན་ལེན་བྱས་པ་མ་ཟད། ད་དུང་མི་ཤུགས་དང་གྲོན་དངུལ་ཡང་གྲོན་ཆུང་ཐུབ་ཡོད་པ་རེད།

    གཞན་ཡང་། རྣམ་གྲངས་དེས་ཐེམ་ཁུངས་ཡུལ་དེ་ག་ནས་ཡིན་པའི་མང་ཚོགས་ལ་ལས་ཞུགས་ལས་གནས་500ཙམ་མཁོ་འདོན་བྱས་ནས་ཐོན་ལས་ལ་སྣེ་ཁྲིད་དང་མི་མང་རུབ་བསྡུས་བྱུང་བར་བརྟེན། རྣམ་གྲངས་གཉེར་སྐྱོང་ལ་ཡོང་འབབ་གཏོད་པར་འགན་ལེན་ཐུབ་པ་དང་གྲོང་ཁྱེར་གྱི་ཐོན་ལས་རྣམ་པ་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།