དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ཀྲུང་གོའི་མཚོ་ཁོངས་སུ་ཧམ་འཛུལ་བྱས་པར་ཁྲིམས་སྒྱུར་བྱེད་ཐབས་སྤྱད་པ་དེ་ནི་རྩོད་ཐབས་བྲལ་བ་ཞིག་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཧྥི་ལི་ཕིན་གྱིས་ཁྲིམས་འགལ་ངང་རེན་ཨའེ་མཚོ་གླེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཧམ་འཛུལ་བྱས་པའི་གནས་ཚུལ་དེར་དམིགས་ནས་ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ཀྲུང་གོའི་མཚོ་ཁོངས་སུ་ཧམ་འཛུལ་བྱས་པར་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་དགོས་ངེས་ཀྱི་ཁྲིམས་སྒྱུར་བྱེད་ཐབས་མི་སྤྱོད་ཀ་མེད་བྱུང་ཡོད། བྱེད་ཐབས་དེ་ནི་ལུགས་མཐུན་ཁྲིམས་མཐུན་དང་ཆེད་ལས་ཀྱི་བཟོད་སྒོམ་བྱེད་ཐབས་ཤིག་ཡིན་པས་རྩོད་ཐབས་བྲལ་བ་ཞིག་ཡིན་ཞེས་བརྗོད་པ་རེད།

    ལིན་ཅན་གྱིས། རེན་ཨའེ་མཚོ་གླེ་ནི་ཀྲུང་གོའི་ནན་ཧྲ་གླིང་ཕྲན་གྱི་ཆ་ཤས་ཤིག་ཡིན་པ་དང་སྔར་ནས་བཟུང་ཀྲུང་གོའི་མངའ་ཁོངས་ས་ཆ་ཞིག་ཡིན། ཟླ་3ཚེས་23ཉིན། ཧྥི་ལི་ཕིན་གྱིས་སླར་ཡང་རང་ཉིད་ཀྱི་དམ་བཅའ་ལས་རྒྱབ་འགལ་བྱས་ཏེ་སྐྱེལ་འདྲེན་གྲུ་གཟིངས་1དང་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་2བཏང་སྟེ་འཚོ་བའི་དངོས་ཟོག་དབོར་འདྲེན་གྱི་མིང་ཐོག་ནས་རེན་ཨའེ་མཚོ་གླེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་འགལ་ངང་འཛུལ་ཡོད། དོན་དངོས་ཐོག་ཧྥི་ལི་ཕིན་ཕྱོགས་ཀྱིས་ད་ཐེངས་སྐྱེལ་འདྲེན་བྱེད་པ་ནི་འཚོ་བའི་དངོས་ཟོག་གཏན་ནས་མིན་པར་ཁྲིམས་འགལ་ངང“མཚོ་འགྲམ་དུ་འཇོག་པའི”དམག་གྲུ་ཉམས་བཟོ་དང་བརྟན་དུ་གཏོང་བའི་འཛུགས་སྐྲུན་རྒྱུ་ཆ་ཡིན་པ་དང་། ཀྲུང་གོའི་མི་མེད་མཚོ་གླེའི་ཐོག་གཏན་འཇགས་ཀྱི་སོ་ལྟ་ཁང་བསྐྲུན་ཏེ་རེན་ཨའེ་མཚོ་གླེ་ནམ་ཡང་ཁྲིམས་འགལ་ངང་བཙན་བཟུང་བྱ་རྒྱུའི་རེ་ངན་བཅངས་པ་ཞིག་རེད། ཧྥི་ལི་ཕིན་ཕྱོགས་ཀྱིས་སྔ་ཚིག་ཕྱི་འགལ་དང་ཁ་དན་ཚིག་ལ་མ་གནས་པར་ཀྲུང་གོ་ཕྱོགས་ལ་ཁས་ལེན་ཐེངས་མང་བྱས་པ་ལས་ཚབས་ཆེན་འགལ་བ་དང《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》གྱི་དོན་ཚན་ལྔ་པ་ལས་ཚབས་ཆེན་འགལ་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱི་གྲུ་གཟིངས་ཀྲུང་གོའི་མཚོ་ཁོངས་སུ་ཧམ་འཛུལ་བྱས་པར་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་དགོས་ངེས་ཀྱི་ཁྲིམས་སྒྱུར་བྱ་ཐབས་མི་སྤྱོད་ཀ་མེད་བྱུང་ཡོད་ལ། དེ་ནི་ལུགས་མཐུན་ཁྲིམས་མཐུན་དང་ཆེད་ལས་ཀྱི་བཟོད་སྒོམ་བྱེད་ཐབས་ཤིག་ཡིན་པས་རྩོད་ཐབས་བྲལ་བ་ཞིག་ཡིན་ཞེས་བརྗོད་པ་རེད།

    “ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་དབང་ཆར་བཙན་གནོད་དང་འཁྲུག་རྐྱེན་སློང་མཚམས་འཕྲལ་མར་འཇོག་རྒྱུའི་རེ་བ་བཏོན་ཡོད། གལ་ཏེ་ལྐུགས་པ་ཨུ་ཚུགས་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་བྱ་ཐབས་མཐའ་གཅིག་ཏུ་སྤྱད་དེ་རང་ཉིད་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་ངེས་ཡིན”ཞེས་ཁོང་གིས་བརྗོད་པ་རེད།

    ཉེ་ཆར་ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་དམིགས་ནས་སྤེལ་བའི་བྱ་སྤྱོད་ལ་འཁྱོག་བཤད་བྱས་ཡོད། དེའི་ཐད་ལིན་ཅན་གྱིས། ཨ་རིའི་འབྲེལ་ཡོད་གཏམ་བརྗོད་ནི་རྦད་དེ་དོན་དངོས་དང་རྒྱབ་འགལ་དང་དཀར་ནག་གོ་ལྡོག་བྱས་པ་ཞིག་རེད། ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་མིན་ཡང་ཐེ་ཇུས་ཡང་ཡང་བྱེད་པ་དང་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ལ་དཀྲུག་ཤིང་ཡང་ཡང་བརྒྱབ་སྟེ་ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱས་ནས་ས་ཁུལ་གྱི་དུས་བབ་ཟང་ཟིང་བཟོ་བའི་ལྐོག་གཡོ་གཤོམ་རྩིས་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ད་དུང《ཨ་རི་དང་ཧྥི་ལི་ཕིན་གྱི་ཐུན་མོང་འགོག་སྲུང་ཆིངས་ཡིག》ལ་བརྟེན་ནས་འཇིགས་སྐུལ་བྱས་ཏེ་སྨྱོ་ཧམ་ཆེན་པོས་ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བདག་དབང་ལ་བཙན་གནོད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ལས་ཚབས་ཆེན་འགལ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས། ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཡིན་པའི“རྒྱལ་ཁབ་ཀྱི་མོས་མཐུན”ལས་རྒྱབ་འགལ་བྱས་ཡོད་ལ། དེའི་ཁྲུན་ཐག་ནི་ཁྲིམས་འགལ་དང་གོ་མི་ཆོད་པ་ཞིག་ཡིན་པས་གཅུན་སྡོམ་གྱི་ནུས་པ་གང་ཡང་མེད། ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་སྤྱད་དེ་ཁྲིམས་འགལ་ངང་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲུན་ཐག་བཅད་པའི་ལྐོག་གཡོ་གང་ཞིག་ཡིན་རུང་ལམ་ལྷོངས་ཡོང་མི་སྲིད། ལྷོ་རྒྱ་མཚོའི་མཚོ་འགྲུལ་རང་དབང་ནི་གནད་དོན་གང་ཡང་མ་རེད། ལོ་ལྟར་ཚོང་གྲུ་ཁྲི་10ཡན་མཚོ་ཁོངས་དེ་བརྒྱུད་དགོས་པས་ད་བར་ཚོང་གྲུ་གཅིག་ལའང་འགོག་རྐྱེན་འཕྲད་མེད་མོད། འོན་ཀྱང་ཨ་རི་དང་རྒྱལ་ཁབ་ཉུང་ཤས་ཀྱིས་རྟག་ཏུ“མཚོ་འགྲུལ་རང་དབང”ལ་ཁ་གཡར་ནས་ལྷོ་རྒྱ་མཚོའི་དབང་ཆར་བཙན་གནོད་དང་འཁྲུག་རྐྱེན་སློང་བ་དང་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དེ་ནི་ཇག་པའི་བྱེད་སྟངས་མངོན་སུམ་རེད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས། ཀྲུང་གོས་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱ་རྒྱུར་གཞོལ་རྒྱུ་དང་ཆབས་ཅིག ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་རྒྱུ་ཡིན། ཕྱོགས་ཁག་གིས་དོན་དངོས་གསལ་རྟོགས་ཐུབ་པ་དང་དྲང་པོའི་གཞུང་བསྐྱངས་ཏེ་ཀྲུང་གོ་ཕྱོགས་ཀྱི་ཁེ་དབང་དང་དེ་བཞིན་ས་ཁུལ་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ཆེད་སྒྲུབ་པའི་ལས་དོན་ལ་བརྩི་འཇོག་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།