དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཆུ་ནག་ཆུ་འགོའི་བཟའ་ཚོ་གཉིས་ལས་གྲུབ་པའི་དོ་དམ་བདག་སྐྱོང་ས་ཚིགས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-27

    འདི་ནི་ཟླ་3ཚེས་21ཉིན་ཨོ་རྒྱན་ནོར་བུ(གཡོན)དང་དུང་མོ་མཚོས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་ཆུ་ནག་རྒྱུག་ཁུལ་དུ་སྐོར་སྲུང་བྱེད་བཞིན་པ།

    འདི་ནི་ཟླ་3ཚེས་21ཉིན་ཨོ་རྒྱན་ནོར་བུ་དང་དུང་མོ་མཚོས་སྦག་སྦག་བཞོན་ནས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་ཆུ་ནག་རྒྱུག་ཁུལ་དུ་སྐོར་སྲུང་བྱེད་བཞིན་པ།

    འདི་ལོ་ལོ་52ལ་སླེབས་པའི་ཨོ་རྒྱན་ནོར་བུའི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་འབྲོང་ལུང་ཤང་དུ་གནས་པ་དང་། 2006ལོའི་ཟླ་11པར་ཨོ་རྒྱན་ནོར་བུ་དང་ཁོང་གི་བཟའ་ཟླ་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་མཚོ་ནག་ཆུ་འགོ་རྒྱུག་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་སྲུང་སྐྱོང་ལས་གྲྭའི་དོ་དམ་ས་ཚིགས་སུ་སླེབས་ནས་མཚོ་ནག་ཆུ་འགོའི་སྐྱེ་ཁམས་བདག་སྐྱོང་བར་གྱུར་པ་རེད།

    དང་ཐོག་མར་དོ་དམ་བདག་སྐྱོང་ས་ཚིགས་སུ་སླེབས་སྐབས། སྐོར་ཞིབ་ལམ་ཐག་རིང་བས་བཟའ་ཚོ་གཉིས་སྐབས་རེ་འབྲོག་པའི་སྦྲ་གུར་དུ་གནས་ཚང་གཡར་བ་དང་སྐབས་རེ་ལྷས་རའི་ནང་ཞག་སྡོད་བྱེད་ཀྱི་ཡོད། སྤྱི་ལེ་ངོས་གྲུ་200ལྷག་ཙམ་ཡོད་པའི་དོ་དམ་བདག་སྐྱོང་ཁུལ་ནང་སྐོར་ཞིབ་ས་ཚིགས་10དང་ཆུ་ནག་ཆུ་བོའི་ཆུ་ལག་50ལྷག་ཙམ་ཚུད་ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་དགུན་དུས་གངས་ཆེན་དང་དབྱར་དུས་དྲག་ཆར་བབས་ཀྱི་ཡོད། ཨོ་རྒྱན་ནོར་བུ་དང་དུང་མོ་མཚོས་ཆ་སྙོམས་ཉིན་རེར་སྦག་སྦག་བཏང་ནས་སྤྱི་ལེ་70ལྷག་ཙམ་བསྐྱོད་དེ་ཟླ་རེར་དེ་གར་སྐོར་སྲུང་ཐེངས་རེ་བྱེད་ཀྱི་ཡོད།

    གཙང་འགྲམ་རྒྱུད་ཀྱི་གད་སྙིགས་སྒྲུག་པ་དང་། དུད་ཁྱིམ་དུ་བསྐྱོད་དེ་དགུན་དུས་ཀྱི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པ། ཁོར་ཡུག་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཁྱབ་གདལ་གཏོང་བ་སོགས་བཟའ་ཚོ་གཉིས་ཀྱིས་ལོ་18ཙམ་རིང་ལ་བརྒྱབ་ཆུ་བརྒལ་བྱས་ཏེ་ཆུ་ནག་ཆུ་འགོ་བརྟན་སྲུང་བྱས་ཡོད། མདོ་ལ་རྫོང་ཞིང་འབྲོག་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཏུང་ཧྲེང་ཧུའེ་ཡིས་ངོ་སྤྲོད་བྱས་དོན། ཆུ་ནག་ཆུ་བོའི་ཆུ་འགོ་ནི་མདོ་ལ་རིང་མོའི་བྱང་འདབས་སུ་ཡོད་པ་དང་མཚོ་སྔོན་དང་། ཀན་སུའུ། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བརྒྱུད་ཀྱི་ཡོད། མདོ་ལ་རྫོང་ནི་ཆུ་ནག་ཆུ་འགོར་གནས་ཤིང་། ལོ་མང་རིང་ས་གནས་དེ་གས་ཆུ་ནག་ཆུ་འགོ་སྲུང་སྐྱོང་ལས་དོན་ས་ཚིགས་བཙུགས་ཏེ། ས་ཆུ་ཤོར་བར་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་པ་དང་། ཆུ་འགོ་ཁུལ་དུ་དོ་དམ་བདག་སྐྱོང་ཡན་ལག་ས་ཚིགས་བཙུགས་ནས་ཆུ་འགོ་སྲུང་སྐྱོང་གི་འགན་འཁྲི་སྔར་བས་ཞིབ་ཚགས་སུ་བཏང་ཡོད།

    “ལོ་མང་འབད་བརྩོན་བྱས་པ་བརྒྱུད། ཆུ་ནག་ཆུ་འགོའི་ཁུལ་དུ་ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོ་བ་སོགས་ཀྱི་རྐྱེན་པས་རྩྭ་ར་ཞན་འགྱུར་དང་སྔོ་ཁེབས་ཉམས་ཞན་དུ་སོང་བ་སོགས་ཀྱི་གནད་དོན་བཀག་འགོག་ནུས་ལྡན་ཐུབ་སྟེ། ཆུ་སྤུས་ལེགས་སུ་ཕྱིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད”ཅེས་ཏུང་ཧྲེང་ཧུའེ་ཡིས་བཤད།

    ཆུ་ནག་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཨོ་རྒྱན་ནོར་བུ་བཟའ་ཚོ་གཉིས་ཀྱི་ལས་ཀའི་ཆ་རྐྱེན་ཡང་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། དོ་དམ་བདག་སྐྱོང་ས་ཚིགས་ཀྱི་གཞུང་ལས་ཁང་དང་། ངལ་གསོ་ཁང་། ཐབ་ཚང་། མཛོད་ཁང་བཅས་ཚང་མ་གཙང་སྦྲ་དོད་པ་དང་། ཁོང་གཉིས་ལ་གཅིག་གྱུར་གྱི་ལས་གོས་ཡོད་པ་མ་ཟད། ད་དུང་ལག་ཐོགས་ཁ་པར་ཐོག་སྐོར་ཞིབ་ཀྱི་གཞུང་ལས་མཉེན་ཆས་སྒྲིག་སྦྱོར་བྱས་ཡོད།

    ཨོ་རྒྱན་ནོར་བུས་གཙང་འགྲམ་ནས་ཆུ་སྦར་མོ་གང་བླངས་ཏེ་ཆུའི་དྲོད་ཚད་བལྟས་ཤིང་། ཁོང་གིས“ཆུའི་སྤུས་ཚད་ཡག་ཏུ་ཕྱིན་པས་ཆུ་ནག་ཆུ་འགོ་དེའང་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་སྡོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད། མི་རིང་བར་ཁྲུང་ཁྲུང་སྐེ་ནག་ཀྱང་ལོག་ཡོང་གི་རེད”ཅེས་བརྗོད་པ་དང་། སྦག་སྦག་ལ་རྡོག་ཆས་ཡག་པོ་བཀལ་རྗེས་བཟའ་ཚོ་གཉིས་སྐོར་ཞིབ་བྱ་ཡུལ་རྗེས་མར་ཐོན་རྩིས་བྱེད་བཞིན་ཡོད།

    མུན་པ་རིམ་བཞིན་རུབ་པ་དང་བསྟུན་ནས་ཁོང་གཉིས་ཀྱང་དོ་དམ་བདག་སྐྱོང་ས་ཚིགས་སུ་ལོག ཨོ་རྒྱན་ནོར་བུས་སྦག་སྦག་ལ་ཞིབ་བཤེར་ཡག་པོ་བྱས་པ་དང་དེ་ནས་སྐོར་སྲུང་ཟིན་བྲིས་འཐུས་སྒོ་ཚང་དུ་བཏང་སྟེ་གྲངས་གཞི་ལག་ཐོགས་ཁ་པར་ནང་བསྐུར། ཡུད་ཙམ་མ་འགོར་བར། དགོང་མོའི་ཁ་ལག་ཀྱང་བཟོས་ཚར་བ་དང་དོ་དམ་བདག་སྐྱོང་ས་ཚིགས་ནང་གློག་འོད་གསལ་ཐིང་ངེར་སྤར་ནས་དྲོད་སྐྱིད་ཀྱི་རྣམ་པས་ཁེངས།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་25ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།