དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བརྩེ་སེམས་ཟབ་མོས་ཕྲུ་གུའི་འཚར་ལོངས་ལ་དོ་ཁུར་བྱེད།

    —— མཐའ་སྲུང་མི་དམངས་ཉེན་རྟོག་པ་དང་ལེགས་རྩེ་གྲོང་ཚོའི་ཕྲུ་གུ་ཆུང་ཆུང་ཚོའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    འདི་ནི་པའོ་ཀོན་ཧྭ(གཡས)ཡིས་ཕྲུ་གུ་ཚོ་སྒྲིག་འཛུགས་བྱས་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

    ལས་སྒྲུབ་མཇུག་འགྲིལ་ནས་ཉལ་ཁང་དུ་ལོག་པའི་ལམ་བར་དུ་ལེགས་རྩེ་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དབྱང་ཧུའེ་ཆང་དང་ལུའུ་ཧྥན་ལ་གློ་བུར་དུ་ཕྲུ་གུའི་དགོད་སྒྲ་ཐོས། ཁོང་གཉིས་པོས་དེའི་ཕྱོགས་སུ་ལྟ་བར་འགྲོ་སྐབས་འགག་སྒོ་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་རླངས་འཁོར་འཇོག་རར་ཕྲུ་གུ་མང་པོ་ཞིག་རྐང་རྩེད་སྤོ་ལོ་རྙིང་ཧྲུལ་ཞིག་རྒྱག་བཞིན་པ་མཐོང་།

    ཕྲུ་གུ་འདི་དག་ནི་འགག་སྒོའི་འགྲམ་གྱི་ཡག་ར་ཤང་ལེགས་རྩེ་གྲོང་ཚོ་ནས་ཡིན་ཞིང་། འགག་སྒོ་སློབ་ཆུང་བསྐྲུན་བཞིན་ཡོད་པས་ཁོང་ཚོ་ཚང་མ་ཤང་སློབ་ཆུང་དུ་འགྲོ་གི་ཡོད། དབྱར་གསེང་དང་དགུན་གསེང་ངམ་ཡང་ན་གཟའ་མཇུག་ལ་མ་གཏོགས་གྲོང་ཚོར་ལོག་ཁོམ་མེད།

    “ང་ཚོ་དུས་རྒྱུན་གོམ་པ་ཁ་ཤས་བརྒྱབ་མ་ཐག་དབུགས་ཧལ་གྱི་འདུག ཕྲུ་གུ་འདི་དག་ད་དུང་སྤོ་ལོའི་འགྲན་བསྡུར་ཐེངས་གཅིག་འཁྱོལ་འཁྱོལ་རྒྱག་གི་འདུག ཁོང་ཚོའི་ངར་ཤུགས་ལ་ལྟོས་དང་། དངོས་གནས་ས་མཐོའི་གཙོད་ཕྲུག་ལྟར་ཕར་མཆོངས་ཚུར་མཆོངས་བྱས་ཏེ་གསོན་ཤུགས་ཀྱིས་ཁེངས་འདུག”ཅེས་དབྱང་ཧུའེ་ཆང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    “ང་ཚོའི་ཚན་པར་རྐང་རྩེད་སྤོ་ལོ་གསར་པ་ཡོད་པ་མ་རེད་དམ། ཁོང་ཚོར་གཅིག་སྟེར་ན་གང་འདྲ་འདུག ད་དུང་པའོ་ཀོན་ཧྭ་འདིར་འབོད་ན་མི་ལེགས་སམ”ཞེས་ལུའུ་ཧྥན་གྱིས་གྲོས་འགོ་བཏོན།

    པའོ་ཀོན་ཧྭ་ནི་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཡིན་པ་དང་དེ་སྔ་ཆེད་ལས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱེད་མྱོང་ཡོད། ཁ་པར་འབྱོར་མ་ཐག་ཁོང་ལམ་སེང་འདི་གར་སླེབས།

    ཉེན་རྟོག་པས་རྐང་རྩེད་སྤོ་ལོ་གསར་པ་ཞིག་འཁྱེར་ཡོང་བ་མཐོང་སྐབས། ཕྲུ་གུ་ཚོས་སྤོ་ལོ་རྒྱག་མཚམས་བཞག་སྟེ“ཨ་ཁུ་ལགས། ང་ཚོར་སྤོ་ལོ་གསར་པ་དེ་གཡར་ན་འགྲིག་གམ”ཞེས་འཚེར་སྣང་དང་བཅས་རེ་སྒྲུག་གིས་དྲིས།

    “སྤོ་ལོ་འདི་ཁྱེད་ཚོར་སྟེར་རྒྱུ་ཡིན”ཞེས་ཤོད་བཞིན་དུ་པའོ་ཀོན་ཧྭ་ཡིས་སྤོ་ལོ་ཕྲུ་གུ་ཚོར་སྤྲད་པ་མ་ཟད། ད་དུང་ངང་རྒྱུད་རིང་པོས་སྤོ་ལོ་རྒྱག་སྟངས་བསླབས།

    མི་དམངས་ཉེན་རྟོག་པ་དང་ཕྲུ་གུ་ཚོ་རྐང་རྩེད་སྤོ་ལོའི་དབང་གིས་འབྲེལ་འདྲིས་བྱུང་བས་ཕན་ཚུན་དབར་གྱི་བརྩེ་བའང་དེ་བས་ཟབ་པར་གྱུར། ཉིན་གཉིས་པར་ཕྲུ་གུ་ཚོ་སླར་ཡང་འདི་གར་སྤོ་ལོ་རྒྱག་པར་སླེབས། དེའི་སྐབས་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཙེ་ལེང་ཁོང་ཚོའི་འགྲམ་ནས་འགྲོ་བ་མཐོང་སྐབས་ཕྲུ་གུ་ཚོས་ཁོང་གི་གམ་དུ་བསྐྱོད་དེ“ཨ་ཁུ་ལགས། ཁྱེད་རྣམས་ཀྱི་ས་ཚིགས་སུ་དཔེ་དེབ་ཡོད་དམ”ཞེས་དྲིས་པར། “ང་ཚོའི་དཔེ་དེབ་ཁང་དུ་དཔེ་དེབ་མང་པོ་ཡོད། ཁྱེད་ཚོ་དེབ་ལྟ་འདོད་ན་ངས་ཁྲིད་ཆོག”ཅེས་བཤད།

    ཕྲུ་གུ་ཚོས་དགའ་ཚོར་ཆེན་པོས་ཝང་ཙེ་ལེང་དང་མཉམ་དུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔེ་དེབ་ཁང་ནང་འཛུལ་ཏེ། ལྟ་འདོད་པའི་དཔེ་དེབ་བདམས་ནས་བློ་རྩེ་གཅིག་སྒྲིམ་ངང་ལྟ་འགོ་ཚུགས།

    ཕྲུ་གུ་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་དང་འཛུམ་དམུལ་དམུལ་གྱི་ངོ་གདོང་ལ་ལྟ་བཞིན་དུ་ཝང་ཙེ་ལེང་དགའ་ཚོར་ཆེན་པོ་སྐྱེས། ཡིན་ནའང་དཔེ་དེབ་ཁང་དུ་བྱིས་པའི་ཀློག་དེབ་ཧ་ཅང་ཉུང་ཉུང་ཡིན་པ་ཚོར། དེ་ཉིན་ཕྱི་དྲོར་གཞུང་ལས་ཁང་གི་བློ་མཐུན་དང་གྲོས་མོལ་བྱས་ཏེ། གང་མགྱོགས་དཔེ་དེབ་སྣ་ཁ་མང་དུ་གཏོང་བ་དང་འབྲེལ་སློབ་གྲྭ་དང་མཉམ་སྦྲེལ་བྱས་ནས་ཕྲུ་གུ་ཚོར་དུས་བཀག་ལྟར་དམག་སྦྱོང་དང་དབྱིན་ཡིག་སློབ་ཁྲིད་བྱེད་པ་དང་། གཅིག་གཏད་གཅིག་གིས་སློབ་སྦྱོང་རོགས་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱ་རྒྱུའི་ཐག་བཅད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་རྩེ་ས་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ས་བབ་མཐོ་ཚད་སྨི་4772ཟིན་ཞིང་། བོད་ཀྱི་ས་བབ་མཐོ་ཤོས་ཀྱི་སྐམ་ལམ་འགག་སྒོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་རེད། 2023ལོའི་ཟླ་11པར་ལེགས་རྩེ་འགག་སྒོ་ཤར་གཏོང་ཐུབ་ཚུན། ཞིབ་བཤེར་ས་ཚིགས་ཀྱིས་འགན་འཁྲི་གཙང་སྒྲུབ་ངང་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་གྱི་ལས་འགན་ཡག་པོ་སྒྲུབ་པ་དང་དུས་མཚུངས། ཐེར་ཆུང་གིས་དངོས་ཟོག་སྐྱེལ་འདྲེན་དང་། དཔེ་དེབ་ཁང་དུ་དཔེ་ཀློག དགུན་དུས་ཆུ་སྐྱེལ་བ་སོགས་དམངས་ཕན་ཞབས་ཞུའི་བྱ་ཐབས་སྔ་རྗེས་སུ་བསྒྲུབས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་གནས་སྤོས་ཡུལ་མི་དོ་དམ་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་ལེགས་སྐྱེས་འབུལ་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།