དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུའི་མོ་སི་ཁོའི་ཉེ་འདབས་སུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-26

    ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཚེས་22ཉིན་གྱི་དགོང་མོར། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ཉེ་འདབས་ཀྱི་ཁེ་ལ་སི་ནོ་ཀེར་སི་ཁེ་གྲོང་ཁྱེར་གྱི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་ཞིང་། མིག་སྔའི་བར་དོན་རྐྱེན་དེའི་ནང་ཉུང་མཐར་ཡང་མི་143རྐྱེན་ལམ་དུ་ཤོར་ཡོད། དོན་རྐྱེན་ཐོན་རྗེས་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུས་པ། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་སེམས་གསོ་འཚམས་འདྲི་ཞུས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གསལ་བསྒྲགས་སྤེལ་ནས་མོ་སི་ཁོའི་ཉེ་འདབས་སུ་ཐོན་པའི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད། གསལ་བསྒྲགས་ནང་ཀུ་ཐེ་ལེ་སིས་ཚིག་སྦྱོར་ནན་པོའི་ཐོག་ནས་ད་རེས་ཀྱི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། ཀུ་ཐེ་ལེ་སིས་ད་དུང་འདས་པོའི་ནང་མི་དང་། ཨུ་རུ་སུ་སྲིད་གཞུང་། མི་དམངས་བཅས་ལ་སེམས་གཏིང་ནས་སེམས་གསོ་འཚམས་འདྲི་ཞུས་པ་དང་རྨས་སྐྱོན་ཕོག་པའི་མིར་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་དབུ་བཞུགས་མགྲིན་ཚབ་པ་པི་ཏེ་·སི་ཐ་ནུའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ“མོ་སི་ཁོར་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་པར་ཡོ་རོབ་མནའ་འབྲེལ་ཧ་ལས་ཧང་སངས་བྱུང་། ཡོ་རོབ་མནའ་འབྲེལ་གྱིས་མི་སེར་ལ་དམིགས་པའི་འཇབ་རྒོལ་གང་ཞིག་ཡིན་རུང་ཚང་མར་རྒོལ་གཏམ་གཏོང་རྒྱུ་ཡིན། ང་ཚོའི་སེམས་པ་ཤུགས་རྐྱེན་ཕོག་པའི་ཨུ་རུ་སུའི་སྤྱི་དམངས་ཚང་མ་དང་མཉམ་དུ་གནས་ཡོད”ཅེས་བརྗོད་པ་རེད།

    ཧྥ་རན་སེའི་ཙུང་ཐུང་ལས་ཤག་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཧྥ་རན་སེས་རྐྱེན་ལམ་དུ་ཤོར་བའི་མི་དང་། དེ་དག་གི་ནང་མི། དེ་བཞིན་ཨུ་རུ་སུའི་མི་དམངས་བཅས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། ཧྥ་རན་སེའི་ཕྱི་འབྲེལ་པུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སེས་མི་རྣམས་ཁོང་ཁྲོ་ཟ་བའི་འཇབ་རྒོལ་གྱི་དོན་རྐྱེན་དེར་རྒོལ་གཏམ་གཏོང་གི་ཡིན། ངེས་པར་དུ་དོན་རྐྱེན་དེ་རྩད་གཅོད་མཐར་ཕྱིན་པ་བྱེད་དགོས། ཧྥ་རན་སེས་ཨུ་རུ་སུའི་མི་དམངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འཇར་མན་གྱི་ཙུང་ལི་ཧྲོར་ཚེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“ང་ཚོས་མོ་སི་ཁོ་རུ་ཐོན་པའི་རོལ་དབྱངས་འདུ་ཚོགས་ལ་ཞུགས་པའི་ཉེས་མེད་ལྟད་མོ་བར་དམིགས་པའི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།

    དབྱི་ཐ་ལིའི་ཙུང་ཐུང་མཱ་ཐེ་ལེ་ལཱ་ཡིས་འཇིགས་སྐུལ་གྱི་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་ཞིང་། ཁོང་གིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཡིན་ཕྱིན་ཚང་མར་རྡུང་རྡེག་གཏོང་རྒྱུ་དེ་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོའི་ཐུན་མོང་གི་ཁས་ལེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བརྗོད་པ་རེད། དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉིས་གསལ་བསྒྲགས་སྤེལ་ནས་དབྱི་ཐ་ལི་སྲིད་གཞུང་གིས་འཇིགས་སྐུལ་གྱི་འཇབ་རྒོལ་དེར་རྒོལ་གཏམ་མཐའ་གཅིག་ཏུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    ཝེ་ཐེ་ནམ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྥན་ཆིའུ་ཧེང་གིས་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་དེ་འདྲ་ཞིག་ཐོན་པར་ཝེ་ཐེ་ནམ་ཕྱོགས་ཧ་ལས་ཧང་སངས་བྱུང་། ཨུ་རུ་སུ་སྲིད་གཞུང་དང་། མི་དམངས། གནོད་འཚེ་ཕོག་པའི་མིའི་ནང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བརྗོད་ཅིང་། ཧྥན་ཆིའུ་ཧེང་གིས་འཇིགས་སྐུལ་གྱི་འཇབ་རྒོལ་ཡིན་ཕྱིན་ཝེ་ཐེ་ནམ་གྱིས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། སྡིག་ཉེས་གསོག་མཁན་འཇིགས་སྐུལ་པར་ཕོག་དགོས་ངེས་ཀྱི་ཆད་གཅོད་ཕོག་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།