དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ལ་ཐོན་ཁུངས་དང་སེམས་ནུས་ཡུག་རེན་གྱི་དམག་མཚམས་འཇོག་པའི་ཕྱི་འབྲེལ་གྱི་འབད་བརྩོན་ཐད་བཞག་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-26

    ཚེས་22ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡུག་རེན་ལ་གོ་མཚོན་མཁོ་འདོན་བྱེད་པའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས་འབྲེལ་ཡོད་ཕྱོགས་ཁག་གིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཐོན་ཁུངས་དང་སེམས་ནུས་དམག་མཚམས་འཇོག་པའི་ཕྱི་འབྲེལ་གྱི་འབད་བརྩོན་ཐད་བཞག་སྟེ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་སྔ་ཙམ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡུག་རེན་ལ་གོ་མཚོན་མཁོ་འདོན་བྱེད་པའི་གནད་དོན་ལ་གྲོས་ཞིབ་ཐེངས་མང་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དམག་མི་ཉུང་གཏོང་ལས་དོན་གཞུང་དོན་ཁང་གིས་ཀྱང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བརྡ་ཁྱབ་ཐེངས་མང་བཏང་ཡོད། ཕྱོགས་ཁག་གིས་ཕན་ཚུན་གྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད། གཡུལ་སར་གོ་མཚོན་མུ་མཐུད་བཏང་བ་དེས་དམག་འཁྲུག་གི་གདུག་རྩུབ་རང་བཞིན་དང་། ཉེན་ཁའི་རང་བཞིན། སྔོན་དཔག་མི་ཐུབ་པའི་རང་བཞིན་བཅས་ཇེ་སྡུག་ཏུ་ཕྱིན་ནས་ཡུག་རེན་གྱི་ཉམས་ཉེན་གྱི་ཕྱི་ཤུགས་རྐྱེན་གང་མགྱོགས་ཆེ་རུ་འགྲོ་བ་དང་ཞི་བའི་ངང་དམག་མཚམས་འཇོག་པའི་རེ་བ་དེ་བས་ཆུང་དུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཀེང་ཧྲོང་གིས་ཡུག་རེན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་སྔ་ཕྱི་བར་གསུམ་དུ་ཁ་གསལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོན་དངོས་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་པ་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཞི་བདེའི་ཇུས་གཞི་ཚང་མར་དྲང་གཞག་ངང་གྲོས་བསྡུར་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོག་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།