དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་དབྱི་སི་རལ་གྱིས་ཅ་ཧྲ་ཡི་མི་སེར་ལ་འཇབ་རྒོལ་བྱས་ཚུལ་གྱི་དོགས་གནད་ལ་བརྟག་དཔྱད་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-26

    ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་དབྱི་སི་རལ་གྱི་མི་མེད་གནམ་གྲུས་ཅ་ཧྲ་ཡི་མི་སེར་ལ་འཇབ་རྒོལ་བྱས་ཚུལ་གྱི་དོགས་གནད་ལ་བརྟག་དཔྱད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཚེས་22ཉིན། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་ཁོ་ཚོའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་དབྱི་སི་རལ་གྱི་མི་མེད་གནམ་གྲུའི་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་ཤིང་། བརྙན་ཐུང་དེའི་ནང་མི་མེད་གནམ་གྲུས་ཅ་ཧྲ་ཡི་མི་སེར་4ལ་སྲོག་བཅོམ་གྱི་འཇབ་རྒོལ་བྱས་པའི་དོགས་པ་ཡོད་པ་གསལ་ཡོད། ཀུ་ཐེ་ལེ་སིའི་མགྲིན་ཚབ་པ་གཞོན་པ་ཧ་ཁེ་ཡིས་ཉིན་དེ་གའི་གསར་འགོད་པའི་ཚོགས་འདུའི་ཐོག ཀུ་ཐེ་ལེ་སིས་བརྙན་ཐུང་དེའི་ནང་དོན་གཟིགས་རྗེས་སྐྱོ་གདུང་ཆེན་པོ་བྱེད་ཅིང་། ཀུ་ཐེ་ལེ་སིས་དོན་རྐྱེན་དེ་མཐར་ཕྱིན་པ་དང་། རང་ཚུགས། བློས་འགེལ་ཆོག་པ་བཅས་ཀྱི་བརྟག་དཔྱད་བྱ་རྒྱུའི་འབོད་སྐུལ་བྱས་ཡོད་ལ། གདོང་གཏུག་ཕྱོགས་ཁག་གིས་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ལུགས་བསྐྱར་སྒྲོག་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།

    བརྙན་ཐུང་དེའི་ནང་མངོན་པར། དབྱི་སི་རལ་གྱི་མི་མེད་གནམ་གྲུས་ལམ་དུ་འགྲོ་བཞིན་པའི་མཚོན་ཆ་ཁབ་ཙམ་མེད་པའི་སྐྱེས་པ་4ལ་འཇབ་རྒོལ་ཕོག་ནས་མི་གཉིས་འབར་གས་ཁྲོད་གྲོངས་པ་དང་། མི་གཅིག་གིས་གཡོལ་ཐབས་བྱས་ཀྱང་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་པ། ལྷག་མ་དེ་བྲོས་ཕྱིན་ཡང་མི་མེད་གནམ་གྲུས་སླར་ཡང་འཇབ་རྒོལ་བྱས་པས་འབར་གས་ཁྲོད་གྲོངས་པ་རེད།

    ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བརྙན་ཐུང་དེ་ནི་གཏོར་ནས་ལྷུངས་པའི་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ནས་རྙེད་པ་ཞིག་རེད། འཇབ་རྒོལ་བྱ་ཡུལ་སྤྱིར་ན་ཅ་ཧྲ་ས་ཁུལ་ལྷོ་ངོས་ཀྱི་ཧན་ཡོ་ཉི་སི་རུ་ཡིན་པ་གཏན་འཁེལ་བྱེད་ཆོག་གི་ཡོད། འབྲེལ་ཡོད་གནས་ཚུལ་ལ་གཞིགས་ན་འཇབ་རྒོལ་དེ་ནི་ད་ལོའི་ཟླ་2པའི་ཟླ་འགོར་བྱུང་བ་ཞིག་རེད།

    ཟླ་1ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧོ་ལན་གྱི་ཧེ་ཡ་རུ་གཅུན་འདོམས་བྱེད་ནུས་ལྡན་པའི“གནས་སྐབས་ཀྱི་བྱེད་ཐབས”ཡོངས་བསྒྲགས་བྱས་ཏེ། དབྱི་སི་རལ་ཕྱོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི《རིགས་རྒྱུད་རྩ་མེད་བཟོ་བའི་སྡིག་ཉེས་སྔོན་འགོག་དང་ཆད་གཅོད་སྤྱི་ཆིངས》ལ་བརྩི་སྲུང་ཞུས་ནས། ཅ་ཧྲ་ས་ཁུལ་དུ་ཕ་ལེ་སི་ཐན་བར་དམིགས་པའི་རིགས་རྒྱུད་རྩ་མེད་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།