དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོར་མང་ཚོགས་ཀྱི་བདེ་ཐང་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཨ་ལི་མུའུ་ཅང་།   |     སྤེལ་དུས།  2024-03-25

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་ཐོན་ཏེ་ནུབ་ཕྱོགས་སུ་སྤྱི་ལེ་600བསྐྱོད་ཚེ་འབྲོང་པ་རྫོང་དུ་འབྱོར་གྱི་ཡོད། ཕྱོགས་བཞི་རི་བོས་བསྐོར་ཞིང་ཐང་རྒོད་ཡིན་པ་དང་། ལོ་ཧྲིལ་པོར་ལྷག་པ་ཆེན་པོ་ལྡང་བའི་རྐྱེན་གྱིས་འདི་གའི་གནམ་གཤིས་ཧ་ཅང་གྲང་མོ་ཡོད་ལ། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད། ལོ་གཅིག་གི་གོང་། ང་རང་ས་བབ་མཐོ་ཚད་སྨི་4800ཙམ་ཟིན་པའི་འབྲོང་པ་རྫོང་མི་དམངས་སྨན་ཁང་དུ་ཐེངས་དང་པོ་སླེབས་ནས་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྨན་ཁང་གི་རྨང་གཞིའི་ཆ་རྐྱེན་མཐོང་སྐབས། རང་ཉིད་ཀྱི་ལས་ཀ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ཚོར་བྱུང་།

    ང་ནི་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ཡིན་ཞིང་། ང་དང་རུ་མི་ཚོས་མཉམ་དུ་མཚོ་བོད་ས་མཐོར་བཅའ་སྡོད་བྱས་ནས་ཡུལ་འདི་གའི་མང་ཚོགས་དང་ཡུལ་སྐོར་བའི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད། ས་གནས་དེ་གའི་དགོས་མཁོ་གཞིར་བཟུང་། ངས་རང་ཉིད་ཀྱི་ཆེད་ལས་ཤེས་བྱའི་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག་བྱས་པ་ཡིན། ང་རང་ཧྭ་ཧྲན་སྨན་ཁང་སྙིང་ཁམས་ཁོག་ནད་ཚན་ཁག་ནས་ཡིན་ན་ཡང་ས་གནས་འདི་གར་ནད་རིགས་འདྲ་མིན་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་ཀྱི་འདུག འབྲོང་པ་རྫོང་དུ་སྙིང་རྩ་རེངས་པ་དང་། ཁྲག་ཤེད་མཐོ་བ། བད་ཁྲག་འཕེལ་བ། གློ་བར་ཆུ་བསགས་པ་སོགས་ཀྱི་ནད་གཞི་ཐོན་མང་ཡང་སྨན་རྫས་རིགས་དང་བརྟག་དཔྱད་བྱ་ཐབས་མང་པོ་མེད་པས་སྨན་བཅོས་ཚད་གཞི་མཐོ་རུ་གཏོང་དགོས་པ་རྟོགས་བྱུང་།

    མི་རིང་བའི་གོང་བོད་རིགས་རྒན་རྒོན་ཞིག་འབྲོང་པ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་། “ངས་བྱས་ན་ང་ཚོའི་སྨན་ཁང་གིས་སྨན་བཅོས་བྱེད་ཐབས་བྲལ་ཡོད། ཁྱེད་ཀྱིས་བལྟས་ན་ནད་པ་འདི་གཞིས་རྩེ་མི་དམངས་སྨན་ཁང་དུ་སྒྱུར་དགོས་སམ”ཞེས་སྨན་པ་ཞིག་གིས་ང་ལ་དྲིས་བྱུང་།

    སྐྲངས་ནས་དམར་པོར་གྱུར་པའི་ནད་པའི་རྐང་པར་བལྟས་པ་དང་། ནད་གཞིར་བརྟག་དཔྱད་བྱས་རྗེས། ནད་པ་དེར་རྐང་པའི་ཁྲག་རྩ་འགག་པའི་ནད་ཕོག་པས་ད་ལྟ་སྨན་ཁང་སྒྱུར་ན་ཉེན་ཁ་ཡོག་རེད་སྙམ་བྱུང་། འབྲོང་པ་རྫོང་ནས་གཞིས་རྩེ་གྲོང་ཁུལ་བར་རླངས་འཁོར་ལ་བསྡད་ན་ལམ་ཐག་ཆུ་ཚོད་བརྒྱད་དགུ་ཙམ་འགོར་གྱི་ཡོད། གལ་ཏེ་ལམ་བར་དུ་ནད་གཞི་སྡུག་ཏུ་ཕྱིན་ན་ནད་པར་ཉེན་ཁ་ཆེན་པོ་ཡོད། ངས་སྔོན་ལ་ནད་པར་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས་པ་དང་། ཡག་ཤོས་བྱུང་ན་འདི་གར་སྨན་བཅོས་བྱས་ན་ལེགས་ཞེས་བཤད་པ་ཡིན། དེ་རྗེས། ངས་ས་གནས་དེ་གའི་སྨན་པ་དང་སྨན་གཡོག་གི་སྣེ་ཁྲིད་དེ་ནད་པར་སྨན་བཅོས་བྱས་པ་དང་འབྲེལ་ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་བྱ་ཐབས་རབ་དང་རིམ་པ་སྤྱད་པས། མཐར་ནད་པ་དེ་ཉེན་ཁ་ལས་ཐར་སོང་།

    བོད་སྐྱོར་བྱེད་རིང་། རང་ཉིད་འདི་ནས་བྲལ་རྗེས་འདི་གར་ཅི་ཞིག་འཇོག་ཐུབ་མིན་སྐོར་ལ་ངས་རྒྱུན་དུ་བསམ་བློ་གཏོང་གི་ཡོད། ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ངས་ནད་ཐོག་སྨན་པ་ཚོར་རིགས་པའི་གཞུང་ལུགས་ཤེས་བྱ་དང་ལག་ལེན་རྩལ་ནུས་ཀྱི་གསོ་སྦྱོང་བྱས་པ་དང་། ནད་ཁང་དང་སྒོ་བསྟེན་སྨན་ཁང་གི་སྒྲ་འདས་སྙིང་འཕར་པར་རིས་བརྟག་དཔྱད་རྣམ་གྲངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དོས་དྲག་ཡན་ལག་ཁུལ་དང་སྨན་བཅོས་ཀྱི་གོ་རིམ་ལེགས་སུ་བཏང་བ་མ་ཟད། ད་དུང་སྨན་ཁང་ཕྱོགས་ལ་འགག་རྩའི་སྨན་རྫས་ཁ་སྐོང་གི་དཀར་ཆག་སྤྲད་པ་ཡིན། དོས་དྲག་ཚན་ཁག་གི་ན་གཞོན་ཀྲུའུ་རེན་སྨན་པ་བསྟན་འཛིན་ནི་ངའི་སློབ་མ་རེད། ངས་ཁོང་ཁྲིད་ནས་ནད་པ་མང་པོར་བལྟས་པ་ཡིན་ལ་ནད་དཔེ་འདི་དག་ཚང་མ་འབྲོང་པ་དང་འདྲ་བའི་ས་བབ་མཐོ་བའི་ས་ཁུལ་དུ་ཐོན་མང་བ་ཤ་སྟག་རེད། སྨན་བཅོས་ཀྱི་ཉམས་མྱོང་འདི་དག་ཡོད་པས་ཕྱིན་ཆད་དེ་དང་འདྲ་བའི་ནད་དཔེ་འཕྲད་སྐབས་ཁོང་ལ་རང་རྐྱ་འཕེར་བའི་སྨན་བཅོས་བྱེད་པའི་འཇོན་ཐང་ལྡན་ཡོད།

    ང་རང་གི་ཕ་ཡུལ་ཤིན་ཅང་དབྱི་ལི་ཡིན་ཞིང་། ལོ་མང་སློབ་སྦྱོང་བྱས་ནས་སྨན་པར་གྱུར་པ་ནི་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན། ཆ་རྐྱེན་དཀའ་ཚེགས་ཆེ་བའི་འབྲོང་པ་རྫོང་དུ་བོར་སྐྱོར་སྨན་པའི་འགན་ཁུར་ནས། མི་སེར་ཚོར་རྒྱལ་ཁབ་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལས་བྱུང་བའི་ཕན་བདེ་ཚོར་བར་བྱེད་པ་ནི་ངས་རྒྱལ་ཁབ་ཀྱི་གསོ་སྐྱོང་ལ་དྲིན་ལན་འཇལ་བ་ཞིག་ཡིན། བོད་སྐྱོར་གྱི་དུས་ཚོད་ཐུང་ཡང་ང་ལ་མཚོན་ན་དེ་རྩ་ཆེའི་འཚར་ལོངས་ཀྱི་གོ་སྐབས་ཤིག་ཡིན་ལ། ང་རང་ཕྱིན་ཆད་སྨན་པ་ཕུལ་བྱུང་ཞིག་ཏུ་འགྱུར་བར་བྱས་ནས་མི་དེ་བས་མང་བའི་བདེ་ཐང་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན།

    (རྩོམ་པ་པོ་ནི་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ཡིན་པ་དང་། འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བཅར་འདྲི་དང་ལེགས་སྒྲིག་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།