དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

    ལུས་རྩལ་ཐང་ཁྲི་459.27ཡོད་པ་དང་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་2.89ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

    ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ལུས་རྩལ་ཐང་བསྡོམས་ཁྲི་459.27ཡོད་པ་དང་། ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་40.71ཟིན་པ། མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་2.89ཟིན་ནས《“ལོ་ལྔ་ཚན་བཅུ་བཞི་པའི”ལུས་རྩལ་འཕེལ་རྒྱས་ཀྱི་འཆར་འགོད》ནང་བཏོན་པའི་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་2.6ཟིན་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།

    ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ནི་མང་ཚོགས་ཀྱི་ལུས་རྩལ་ལ་རག་ལས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཅིག་བཏོད་ཡོད།

    ལུས་སྦྱོང་ས་ཚིགས་ཀྱི་སྒྲིག་བཀོད་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་ལུས་སྦྱོང་བྱེད་ས་དཀོན་པའི་དཀའ་གནད་རིམ་བཞིན་བསལ་ཞིང་། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་ཆས་སྒྲིག་སྦྱོར་ཆ་ཚང་པོ་མེད་པའི་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་ཁག་1000ལ་ཞན་ཆ་སེལ་རོགས་བྱས་ཡོད། ས་གནས་ཁག་གིས་ལུས་རྩལ་སྤྱི་གླིང་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས(ལུས་རྩལ་ཕྱོགས་བསྡུས་ར་བ་ཆུང་གྲས)སོགས་རྣམ་གྲངས་ཁག་283གཉེར་བར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཡོངས་ཀྱི་ཁུལ་ཆུང་རྙིང་པ་8500ཙམ་དང་གྲོང་ཁྱེར་གྱི་སྤྱི་གླིང་3800ཙམ་དུ་ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་ཚུད་པའི་ལུས་སྦྱོང་སྒྲིག་ཆས་སྣ་ཚོགས་ཁྲི་7.5ཙམ་མང་དུ་བཏང་ཡོད།

    བསྐྲུན་ཟིན་པའི་འགྲན་རའི་སྒྲིག་བཀོད་ལ་ཐབས་མང་མཉམ་སྤྱོད་ཀྱིས་སྒོ་དབྱེ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། 2023ལོར་སྤྱི་པའི་ལུས་རྩལ་ཁང་ཁག་2491རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་ཕྱེ་བར་ཁ་གསབ་སྤྲོད་པ་དེ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་1400ཙམ་ལ་ཁྱབ་ཡོད། ཁང་དེ་དག་གི་ལྟེ་བའི་ཁུལ་རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་ཕྱེ་བའི་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2000ལྷག་ཟིན་པ་དང་། དེས་མི་ཐེངས་དུང་ཕྱུར་4ལྷག་ལ་ཕན་པ་ཐོབ་ཡོད།

    འགྲན་བསྡུར་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ནས་ལུས་སྦྱོང་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཤིང་། 2023ལོར་རིམ་ཁག་རྩ་འཛུགས་ཀྱིས་བརྒྱངས་པའི་རེའུ་མིག་ཏུ་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཁྲི་24.6ཟིན་པ་དང་དེའི་ནང་མི་ཁྲི་7183ཙམ་ཞུགས་ཡོད། 2023ལོར་དམངས་ཡོངས་ཀྱི་དྲ་ཐོག་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་ལ་རིམ་རྩིས་བྱས་ན་འགྲན་བསྡུར་བྱེད་སྒོ་ཁག་190ལྷག་ཙམ་སྤེལ་བར་ཐད་ཀར་འགྲན་བསྡུར་ནང་ཞུགས་མཁན་མི་ཁྲི་2198ལྷག་ཙམ་ཟིན་ཡོད།

    སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཞིང་། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ལུས་རྩལ་དང་སྤྱི་ཚོགས་རྩ་འཛུགས་ཁྲི་6.59ཙམ་ཡོད་པ་དང་རིམ་རྩིས་བྱས་ན་སྤྱི་ཕན་རིགས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་ཁྲི་320གསོ་སྐྱོང་བྱས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་བུད་མེད་ཁྲི་5ལྷག་ཙམ་གསོ་སྐྱོང་བྱས་པ། མི་ཆིག་སྟོང་རེར་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་2.28རེ་ཡོད་པ་བཅས་རེད། 2023ལོར་རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བརྡར་ཚད་གཞིའི་གློག་རྡུལ་ལག་ཁྱེར་ཁྲི་36.4ལྷག་ཙམ་སྤྲད་པ་དང་རིམ་རྩིས་བྱས་ན་མི་ཐེངས་ཁྲི་40.2ཙམ་ཞུགས་ནས་རྒྱལ་ཡོངས་ཀྱི་ཚད་གཞི་ལོན་ཚད་90.63%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།