དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2024ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་པ།

    ཟླ་བ་དང་པོ་ནས་གཉིས་པའི་བར་ལྗོངས་ཡོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་264.3%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-24

    གསར་འགོད་པར་2024ལོའི་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཕྱི་ཕྱོགས་ཚོང་དོན་ཞབས་ཞུའི་བྱ་ཐབས་སྦབ་ཆ་གཅིག་ནས་རྒྱུན་མཐུད་ནུས་པ་ཐོན་པ་དང་བསྟུན་ནས། 2024ལོའི་ཟླ་བ་གཉིས་པར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་17.51ཟིན་པ་དེ་དུས་མཚུངས་ལས་264.3%འཕར་བ་དང་། འཕར་ཚད་སྔར་བཞིན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་16.53ཟིན་ནས་289.2%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.98ཟིན་ནས་75.1%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་11.84ཟིན་ནས་159.4%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔར་ནས་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་འཕར་བར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཡོད། 2023ལོར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་ངོས་ཀྱི་ལག་རྩལ་ལྟེ་གནས་ཀྱི་ཚོང་ཟོག་ཞིབ་དཔྱད་ཚད་ལེན་བྱེད་ནུས་ཀྱི་ལེགས་ཆར་བརྟེན་ནས་ལོ་ཧྲིལ་པོར་ལྗོངས་ནང་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་གཙོ་གནད་ཞིང་འབྲོག་ཁེ་ལས་ལ་ལག་རྩལ་ཞིབ་དཔྱད་ཚད་ལེན་གྱི་ཞབས་འདེགས་ཁག་ཁྲི་3ལྷག་ཙམ་ཞུས་ནས“ཆུ་དང་། ཇ། འོ་མ། སྦྲང་རྩི། ཤ་མོ། ཁུ་ལུ”སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ལེགས་ཆའི་ཚོང་ཟོག་ལ་འགྱུར་བར་རོགས་རམ་བྱས་ཏེ་རྒྱལ་སྤྱིའི་ཁྲོམ་རར་བཏོན་ཡོད། ཁེ་ལས་སྐྱེད་སྲིང་ལ་མཐོང་ཆེན་གྱིས“ཀོན་ཀྲང་གིས་སྲིད་ཇུས་སྒོ་རྩར་དྲིལ་བསྒྲགས་བྱེད་པ”དང“གཅིག་གཏད་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག་བྱེད་པ”སོགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་སྤྱད་དེ་ཕྱིར་གཏོང་ནང་འདྲེན་གྱི་སྲིད་ཇུས་དང་ཐོན་སྐྱེད་ཞིབ་དཔྱད་ཚད་ལེན་གྱི་ལག་རྩལ་ཐད་ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་འགག་སྒོར་ཐོ་བཀོད་ཁེ་ལས་25%འཕར་བ་དང་། དངོས་ཡོད་གཉེར་སྐྱོང་ཁེ་ལས་57%འཕར་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་འཕེལ་རྒྱས་འགྲོ་ཚད་9.9%ནས་13%བར་མཐོ་རུ་ཕྱིན་ཡོད་པ་རེད།

    དེ་དང་ཆབས་ཅིག ལྷ་ས་འགག་སྒོས་ལྗོངས་ནང་ཁུལ་གྱི་འགག་སྒོ“སྒོ་མོ་འབྱེད་དགོས་རིགས་འབྱེད་གང་ཐུབ”བྱེད་རྒྱུ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བོད་ཀྱི་མཚམས་ཚིགས་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དུས་ཚོད་དང་མཚམས་ཚིགས་གཞིར་བཟུང་། སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་བཅས་ཀྱི་འགག་སྒོར་ཡུལ་སྐོར་བ་དང་དངོས་ཟོག་གཉིས་ཀ་གོ་རིམ་ལྡན་པའི་ངང་ཤར་གཏོང་སླར་གསོ་ཐུབ་པ་དང་། ལེགས་རྩེ་འགག་སྒོ་ཞིབ་བཤེར་རྩིས་ལེན་བྱས་ནས་སྒོ་མོ་ཕྱེ་བ། གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཤར་གཏོང་སླར་གསོ་བཅས་འགན་ལེན་བྱས་ཡོད། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ“ཁུལ་གཉིས་མཉམ་འགུལ”ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་བརྒྱུད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཐོ་བཀོད་ཁེ་ལས་ཀྱི་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་16.5ཟིན་ནས་60.8%འཕར་ཡོད། 2023ལོར། བོད་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་72.13ཟིན་ནས་69.5%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།