དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་བྱ་ཆེད།

    བོད་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-24

    ཚེས་20ཉིན་གྱི་སྔ་དྲོར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་དུ་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་24ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་66.7%བཟུང་ཡོད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ད་ལྟ་ལག་བསྟར་བྱེད་བཞིན་པ་ཕན་འབྲས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་129བཏོན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཁྲིམས་སྲོལ་མང་པོ་བཟོ་སྐབས་སྤྱི་ཚོགས་ལ་ཕྱོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པར་སྣང་ཆེན་གྱིས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་10བཙུགས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་འཚོར་དམིགས་པའི“ཐད་གཏོང་རླངས་འཁོར”བཏོད་ཅིང་། མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམིགས་པ་དང་། འོས་འགན་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་ལས་གཏོད་སོགས་ཐད་དམིགས་ནས། ཆེད་དོན་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་བྱས་པ། ཁྲིམས་སྒྱུར་བརྟག་དཔྱད་དང་ཆེད་དོན་འདྲི་རྩད་བྱས་པ། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་འགན་ལེན་བྱེད་པ་ནི་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་འཐུས་མིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ནང་ཞུགས་པའི་ལམ་སྲོལ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བས། མི་དམངས་མང་ཚོགས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་ཞུགས་པ་དང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་རྒྱུ་དེ་བས་ནུས་ལྡན་དུ་སོང་ཡོད། གཞན་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་དང་། འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་འགན་སྒྲུབ་ཀྱི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་བཅས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས། དམངས་གཙོ་དང་དམངས་འདུན་གསལ་བཤད་ལས་སྟེགས་དང་གཞི་རྟེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”772དང་། གྲོང་ཚོའི(གྲོང་ལྷན)མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་བྱེད་སྒོ་ཁང་བཅས་མི་དམངས་མང་ཚོགས་ཀྱིས་ཡུལ་བབ་དམངས་འདུན་དང་དཀའ་གནད་སེལ་བའི་ལས་སྟེགས་ནུས་ལྡན་ཞིག་ལ་འགྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།