དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩྭ་ཐང་ནས་གྲོང་རྡལ་གསར་པའི་བར་གྱི་ཉམས་དགའ་བའི་འཕོ་འགྱུར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཅང་ཧྥན་དང་། ཚའོ་པིན། ལིའུ་ཝུན་པོ།   |     སྤེལ་དུས།  2024-03-24

    འདི་ལོ་ལོ་22ལ་སླེབས་པའི་བུ་མོ་བསྟན་འཛིན་བོད་བྱང་ཐང་གི་དབུས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་ཉི་མ་རྫོང་དུ་སྐྱེས།

    ཕ་ཡུལ་དང་བར་ཐག་སྤྱི་ལེ་800ལྷག་ཙམ་ཆོད་པའི་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་བསྟན་འཛིན་ལ་ད་དུང་ཁྱིམ་གསར་པ་ཞིག་ཡོད། ཁྲོམ་ལ་སྐྱོད་པ་དང་། འོ་ཇ་འཐུང་བ། སེན་མོ་བཟོ་བ་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་ལས་ན་གཞོན་བུ་མོར་འཚོ་བའི་བདེ་སྐྱིད་ཀྱི་མྱོང་ཚོར་བྱུང་ཡོད།

    ཁྱིམ་གཉིས་དབར་འགྲོ་འོང་བྱེད་པ་ནི་བསྟན་འཛིན་གྱི་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ལ་དེ་ཐོག་ནས་མི་རབས་གསར་པའི་ས་མཐོའི་འབྲོག་པ་བདེ་སྐྱིད་ལྡན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པའང་མཚོན་ཡོད།

    སྐལ་བཟང་མེ་ཏོག་རབ་ཏུ་བཞད་པའི་ཕ་ཡུལ།

    བསྟན་འཛིན་གྱི་ཕ་ཡུལ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོ་ཡིན་ཞིང་། བོད་བྱང་ཐང་གི་དབུས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་གྱི་ཡོད། 《བྱང་རྩྭ་ཐང》ཞེས་པའི་གླུ་གཞས་དང་འདྲ་བར་དེ་གར་དགུང་སྔོན་སྤྲིན་དཀར་དང་། རྩྭ་ཐང་དང་འབྲོག་ར། གང་སར་སྐལ་བཟང་མེ་ཏོག་རབ་ཏུ་བཞད་པ་བཅས་ལས་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མངོན།

    2023ལོའི་ལོ་མཇུག་ཏུ་གསར་འགོད་པར་དམར་ཆེན་གྲོང་ཚོར་ལུག་འཚོ་བཞིན་པའི་བསྟན་འཛིན་དང་འཕྲད། ཉིན་དེར་ཉི་མ་རྫོང་ཡོངས་སུ་ལྷགས་པ་ཆེན་པོ་བརྒྱབ་པ་དང་ས་ཆ་ཁ་ཤས་སུ་ལྷགས་པ་རིམ་པ་12ཟིན་པ་དང་ས་སྲིབ་མཚམས་ཀྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཟིན་གྱི་ཡོད། བསྟན་འཛིན་གྱིས་པགས་ཚགས་གྱོན་པ་དང་མིག་མ་གཏོགས་ངོ་གདོང་ཆ་ཚང་བཏུམས་ཡོད། ཉིན་གང་ཕྱི་རོལ་དུ་ལས་ཀ་བྱས་ནས་བསྡད་པས་ལུས་པོ་འཁྱགས་ནས་ན་ཟུག་གཏོང་གི་ཡོད། ཁོང་གིས“ལག་པའི་མཛུབ་རྩེ་ཚང་མ་འཁྱགས་ནས་ན་ཟུག་ཚད་མེད་གཏོང་གི་འདུག”ཅེས་བཤད།

    ཁོང་གི་ཨ་མ་སྐལ་འཛོམས་ཀྱིས་བུ་མོར་ཇ་བསྲུབས་མ་བཟོས་ཏེ་སྔ་ཙམ་ཁྱིམ་དུ་ལོག་ཤོག་ཅེས་པའི་སྐད་འཕྲིན་བསྐུར། ལོ་4ལ་སླེབས་པའི་གཅུང་མོ་ལྷ་མོ་སྒྲོལ་མས་ཀྱང་སྔ་ས་ནས་ཁང་པའི་ཕྱི་རོལ་དུ་སྒུག་ནས་བསྡད། འོན་ཀྱང་ཁྱིམ་ལས་ཚང་མ་ཚར་རྗེས་ས་རྦད་དེ་རུབ་ཟིན།

    བྱང་ཐང་དུ་མི་རྣམས་ལ་ས་བབ་མཐོ་བ་དང་གནམ་གཤིས་ངན་པའི་ཤུགས་རྐྱེན་ཐེབས་ནས་ས་མཐོའི་རང་བཞིན་གྱི་གྲུམ་བུའི་ནད་དང་། དྲེག་ནད། སྙིང་ནད་བཅས་ཕོག་གི་ཡོད། སློབ་གྲྭར་འགྲོ་དཀའ་བ་དང་། སྨན་པ་བསྟེན་དཀའ་བ། འགྲོ་སྐྱོད་དཀའ་བ་བཅས་ཀྱིས་ཀྱང་ཁོང་ཚོའི་འཚོ་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད། གཞན་ཡང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་སྦྲགས་བྱང་རྩྭ་ཐང་ཡང་ཉམས་ཞན་དུ་འགྲོ་འགོ་ཚུགས་ཡོད་པ་རེད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ནས་འབྲོག་པ་མང་ཚོགས་རྣམས་སྤུས་ཚད་དེ་བས་མཐོ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་ཆེད། 2018ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་སྐྱེ་ཁམས་གནས་སྤོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 2022ལོའི་ཟླ་བརྒྱད་པར་བསྟན་འཛིན་གྱི་ནང་མི་ཚང་མ་ཕ་ཡུལ་དང་བར་ཐག་སྤྱི་ལེ་800ལྷག་ཙམ་ཆོད་པའི་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད། ཁྱིམ་ཚང་གཉིས་པོའི་དབར་བསྐྱོད་རྒྱུ་དེ་ཁོང་གི་འཚོ་བའི་ནང་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད།

    བདེ་སྐྱིད་ལྡན་པའི་འཚོ་བའི་འགོ་འཛུགས་ས་གསར་པ།

    སྲིན་བུ་རིའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ནག་ཆུ་མཚོ་གཉིས་དང་། ཉི་མ། ཨ་མདོ་སོགས་རྫོང་གི་གནས་སྤོས་ཤང་དང་གྲོང་རྡལ་16ནས་ཡོང་བའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་ཡུལ་མི་ཁྲི་3ལྷག་ཙམ་འདུས་སྡོད་བྱས་ཡོད། 2019ལོ་ནས་བཟུང་ཁོང་ཚོ་སྔ་རྗེས་སུ་ས་བབ་སྨི་4500ལྷག་ཙམ་ཟིན་པའི་བྱང་རྩྭ་ཐང་གི་དབུས་རྒྱུད་ནས་གནས་སྤོ་བྱེད་འགོ་ཚུགས་པ་རེད།

    དེ་གར་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་60ལྷག་ཙམ་ལས་མེད་པ་དང་། གནམ་གྲུ་ཐང་དང་། ལྕགས་ལམ། མྱུར་བགྲོད་གཞུང་ལམ་བཅས་དང་ཐག་ཉེ་བ། སྒོ་ར་རང་འགྲིག་པའི་བོད་བཟོའི་ཁང་པ་སྟར་པ་རེ་རེ་དང་། གསར་དུ་བསྐྲུན་པའི་ལོ་དགུའི་རྒྱུན་གཏན་ལམ་ལུགས་ཀྱི་སློབ་གྲྭའི་སློབ་ཁང་དཀར་ཆ་དོད་ལ་རྒྱ་ཆེ་བ། ཚོང་ལས་ཁྲོམ་གཞུང་དུ་སྒོ་རྩིས་ཚོང་ཁང་དང་། སྦྲག་སྲིད་ཁང་། དངུལ་ཁང་། ཟ་ཁང་སོགས་གང་དགོས་ཚང་མ་འཛོམས་ཡོད་པས་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར་ཡོད་པ་རེད།

    2024ལོའི་ཟླ་དང་པོར་བསྟན་འཛིན་གྱིས་ལམ་ཐག་སྤྱི་ལེ་800ལྷག་ཙམ་འགྲུལ་བཞུད་ཀྱིས་ཕ་ཡུལ་ནས་ཐོན་ཏེ་ཁྱིམ་གསར་པར་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པ་དང་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་ཡོད། ཕ་ཡུལ་དུ་སྨི་ངོས་གྲུ་50ཡང་མེད་པའི་ས་ཕག་གི་ཁང་པ་དང་བསྡུར་ན་བསྟན་འཛིན་ཁྱིམ་གྱི་སྨི་ངོས་གྲུ་119ཡོད་པའི་ཁང་གསར་དེ་རྒྱ་ཆེ་ལ་སྐྱིད་སྣང་དོད་པ་དང་། ས་བབ་སྨི་1000ཙམ་གྱིས་དམའ་བ། དྲོད་ཚད་ཏུའུ་10ཡིས་མཐོ་བ་བཅས་ཡོད་པས་འཚོ་བ་བེད་ཞིང་སྐྱིད་པ་ཞིག་ཡོད།

    ཟླ་1ཚེས་24ཉིན་གྱི་ཞོགས་པ་སྔ་པོ་ནས་བསྟན་འཛིན་གྱིས་སྲོལ་རྒྱུན་གྱི་བོད་ཆས་གྱོན་པ་དང་བྱུ་རུའི་རྒྱན་ཆ་ཆ་ཚང་ཞིག་བཏགས་ཏེ་ཡུལ་མི་ཚོ་དང་མཉམ་དུ་རྟ་རྒྱུག་ལ་ལྟ་བར་སོང་། མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་ངོ་གདོང་ནས་འཛུམ་མདངས་ཀྱིས་ཁེངས་པ་དང་གསར་འགོད་པས་ཁོང་ལ་བློ་ལ་བབས་པའི་མི་ཡོད་མེད་སྐོར་འདྲི་སྐབས་ངོ་ཚའི་དབང་གིས་ཁ་སྐྱེངས་ནས་ལན་སློག་མི་ཕོད་པར་གྱུར།

    སྲིན་བུ་རིའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དར་རྒྱས་ཚེ་རིང་གིས་གསར་འགོད་པར“བོད་བྱང་ཐང་གི་ན་གཞོན་ཚོ་སྲིན་བུ་རིར་སླེབས་སྐབས་ཁོང་ཚོའི་མཐོང་རྒྱ་ཡངས་སུ་ཕྱིན་ཡོད་ལ་བདེ་སྐྱིད་ལ་གོ་ལ་ལེན་པ་དང་དོན་གཉེར་བྱེད་སེམས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    ཕྱུག་འགྱུར་གྱི་ལམ་བུ།

    ཡོང་འབབ་གཙོ་བོ་འབྲོག་ལས་ལ་བརྟེན་དགོས་རུང་རྩྭ་ར་དང་ཕྱུགས་རིགས་མཉམ་དུ་འཁྱེར་མི་ཐུབ་པས། བསྟན་འཛིན་དང་འདྲ་བར་སྲིན་བུ་རིར་གནས་སྤོས་བྱེད་མཁན་ན་གཞོན་ཚོ་གནས་སྐབས་ས་ཆ་གཉིས་སུ་འཚོ་བ་སྐྱེལ་དགོས་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིན་བུ་རིར་གཞིས་ཆགས་པའི་སྐྱེ་ཁམས་གནས་སྤོས་ཡུལ་མི་ཁྲི་3.2ཁྲོད་མིག་སྔར་མི་7000ཙམ་ད་དུང་ཕ་ཡུལ་དུ་ལོག་ནས་ཕྱུགས་འཚོ་དགོས་ཀྱི་ཡོད་མོད། འོན་ཀྱང་གནས་ཚུལ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    སྔོན་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡའོ་ཕུང་གིས“ང་ཚོས་ཕྱོགས་གཅིག་ནས་རྩྭ་རའི་ཁ་གསབ་སྤྲད་དེ་བཤས་གཏོང་ཚད་ཉུང་དུ་བཏང་ནས་མང་ཚོགས་ཚོས་ཕྱུགས་རིགས་ལ་བརྟེན་ཚད་ཆུང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་འབྲོག་ལས་མཉམ་ལས་རྩ་འཛུགས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཞོན་ནུ་དེ་བས་མང་བ་འབྲོག་ལས་ཀྱི་ཁྲོད་ནས་བཅིངས་འགྲོལ་བཏང་སྟེ། སྲིན་བུ་རིའི་ཉེ་འགྲམ་དུ་ལས་ཞུགས་ཐུབ་ནས་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་གི་ཡོད”ཅེས་བཤད།

    བྱང་རྩྭ་ཐང་སྟེང་གི་འབྲོག་ལས་མཉམ་ལས་རྩ་འཛུགས་ཀྱིས་མང་ཚོགས་ཀྱིས་རང་མོས་ངང་མི་དང་། རྩྭ། ཕྱུགས་རིགས་བཅས་ཚང་མ་མ་འཇོག་བྱེད་པ་དང་ངལ་རྩོལ་ནུས་ཤུགས་དང་རྩྭ་ཐང་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་གཙོ་བོ་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་ཀྱི་ཡོད། གལ་ཏེ་སྔོན་གྱི་ནང་མི་10ཡི་ལུག་3000ལ་མི་10ཡིས་ཕྱུགས་འཚོའི་ལས་ཀ་བྱེད་དགོས་ན་མཉམ་ལས་ཅན་དུ་བསྒྱུར་རྗེས་མི་3ལས་དགོས་ཀྱི་མེད་པ་དང་། ཕྱུགས་འཚོའི་ནང་ཞུགས་པའི་ངལ་རྩོལ་ནུས་ཤུགས་ལ་ལས་ཀའི་སྐར་གྲངས་ཐོལ་པ་སྤྲོད་པ་དང་ཕྱུགས་འཚོའི་ནང་ཞུགས་མེད་མཁན་ལ་ཡང་ཁེ་སྤོགས་རག་གི་ཡོད་སྟབས་ངལ་རྩོལ་ནུས་ཤུགས་འབོར་ཆེན་ཞིག་ལ་བཅིངས་འགྲོལ་ཐོབ་ཡོད། མཉམ་སྡེབ་ཀྱིས་ད་དུང་སྲིན་བུ་རིར་མགྲོན་ཁང་དང་། ཚོང་ཁང་། བོད་ཟས་ཟ་ཁང་སོགས་ཐོན་ལས་དངོས་ཚན་ལ་མ་དངུལ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་ཕྱིན་པ་མ་ཟད། ཁོང་ཚོའི་ལས་ཞུགས་ཀྱི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།