དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིན་ཐང་ལ་ཁས་ལེན་དེ་བས་མང་བ་ཐོབ་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་མིན་དང་། ཞེ་ཡ་ཧུང་། ཡན་ཡུན་མིང་། ལིའུ་ཧུའེ།   |     སྤེལ་དུས།  2024-03-23

    ལོ་ངོ་2000ལྷག་ཙམ་གོང་ཀྲུང་ལུགས་གསོ་རིག་དེ་གནའ་བོའི་དར་གོས་ལམ་བུ་བརྒྱུད་སྤེལ་རེས་དང་ཁྱབ་གདལ་བཏང་བས་ཀྲུང་ཕྱིའི་ཚོང་དོན་འགྲོ་འོང་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཆ་ཀྲུང་ལུགས་གསོ་རིག་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་196ཏུ་ཁྱབ་པ་དང་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་བདེ་ཐང་དང་བདེ་སྐྱིད་སྲུང་སྐྱོང་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    “ནད་པས་ཀྲུང་ལུཊ་གསོ་རིག་ཁས་ལེན་བྱེད་པ་ནི་གྲུབ་འབྲས་ཆེ་ཤོས་ཡིན”

    “ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཧ་ཅང་ཕན་ནུས་ལྡན་ཡོད། ཀྲུང་གོའི་སྨན་པའི་སྨན་བཅོས་ལག་རྩལ་བྱང་ཆུབ་པས་ངར་བག་ཆགས་ཟབ་མོ་བཞག་བྱུང་། ན་ནིང་དཔུང་པ་གཡས་པ་རྨས་ནས་འདེགས་མ་ཐུབ་པར་འཕྲལ་མར་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་སུ་ཡོང་ནས་ཟླ་བ་དྲུག་ཙམ་གསེར་ཁབ་བརྒྱབ་པ་དང་མཉེད་འཕུར་བྱས་པ་བརྒྱུད་དྲག་སྐྱེད་མངོན་གསལ་དོད་པོ་བྱུང་། 1996ལོར་ངས་ཀྲུང་ལུགས་གསོ་རིག་ལ་ཐོག་མར་རྒྱུས་མངའ་བྱུང་། སྐབས་དེ་དུས་མགོ་ན་ནས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱས་རྗེས་དྲག་སྐྱེད་བྱུང”ཞེས་མར་ཐའི་པའོ་ལཱ་གྲོང་ཁྱེར་དུ་ཡོད་པའི་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་སུ་ས་གནས་དེ་གའི་གྲོང་མི་ཨན་ཏུང·མེ་ལ་ཁེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད། ད་ཐེངས་ཁོང་དེ་གར་ཡོང་ནས་དྲན་རྟེན་དངོས་རྫས་ཁག་གཅིག་འཁྱེར་ཏེ་ཆེད་མངགས་ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    མར་ཐའི་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཀྲུང་ལུགས་གསོ་རིག་སྨན་བཅོས་དང་གསོ་སྦྱོང་སྒྲིག་གཞི་ཞིག་རེད། 2008ལོར་ལྟེ་གནས་དེས་མར་ཐའི་གཞུང་བཙུགས་ཧྲེང་མུའུ་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་གི་ཚན་ཁག་བཙུགས་པ་དང་ཀྲུང་ལུགས་གསོ་རིག་དེ་རང་ཚུགས་ཚན་ཁག་གི་རྣམ་པའི་ཐོག་ནས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིམ་པའི་སྨན་ཁང་དུ་ཐོག་མར་ཞུགས། 1993ལོ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་སྔ་རྗེས་སུ་མར་ཐར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག་19མངགས་ནས་ལས་དོན་སྤེལ་བས་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་25ཙམ་ལ་སྨན་བཅོས་བྱས་ཡོད།

    མར་ཐའི་ཙུང་ཐུང་ཝུའེ་ལཱ་ཡིས་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱིས་མར་ཐའི་སྨན་བཅོས་སྡེ་ཚན་དང་ནད་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། མར་ཐར་རོགས་སྐྱོར་བྱེད་པའི་དུས་ཐེངས་བཅུ་དགུ་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་དཔོན་ཧྥེང་ཧྭ་ཡིས་ལྟེ་གནས་དེས་ད་དུང་དབྱི་ཐ་ལི་དང་། ཧྥ་རན་སེ། ཕོར་ཐིའུ་ཀལ། སི་ཕེན། དབྱིན་ཇི། ཧང་ག་རི་སོགས་ཡོ་རོབ་རྒྱལ་ཁབ་གཞན་དག་ནས་ཡོང་བའི་ནད་པ་དང་ཀྲུང་ལུགས་གསོ་རིག་ལ་དགའ་པོ་ཡོད་མཁན་ལ་སྣེ་ལེན་ཞུས་ནས་ཡོ་རོབ་ཏུ་ཀྲུང་ལུགས་གསོ་རིག་གི་གཟུགས་བརྙན་མངོན་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོའི་སྲོལ་རྒྱུན་གསོ་རིག་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན”

    འཇར་མན་བྱང་ཤར་གྱི་གྲོང་ཁྱེར་ཆུང་ངུ་ཧྲི་ཐེ་ལཱ་ཨེ་སུང་ཏེའི་ལཱ་ཚེ་སྨན་རྫས་ཚོང་ཁང་གིས་2019ལོ་ནས་བཟུང་ཀྲུང་ལུགས་སྨན་རྫས་རིལ་བུ་འཚོང་གི་ཡོད་པ་རེད། སྨན་རྫས་ཚོང་ཁང་དེའི་ནང་ད་དུང་ཀྲུང་གོའི་གསོ་རིག་ཁེ་ལས་ཀྱིས་འཇར་མན་གྱི་ཁྲོམ་རར་དམིགས་ནས་བཟོས་པའི་རང་འགུལ་ཅན་གྱི་ཀྲུང་ལུགས་སྨན་རྫས་སྦྱོར་རྟའི་འཕྲུལ་ཆས་ཡོད་པ་རེད། འཕྲུལ་ཆས་གཅིག་གིས་རིལ་བུའི་དྲོད་ཚད་དང་བརླན་ཚད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། འཕྲུལ་ཆས་གཞན་དེས་སྨན་པའི་སྨན་ཐོ་ལྟར་སྨན་རྫས་སྦྱོར་རྟ་བྱས་ནས་ནད་པར་མཁོ་བའི་སྨན་བཟོ་གི་ཡོད་པ་རེད།

    ཀྲུང་གོའི་སྨན་རྫས་དང་ལུས་ཁམས་བདེ་སྲུང་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོའི་ལོ་སྟོད་དུ་ཀྲུང་གོའི་ཀྲུང་ལུགས་སྨན་རྫས་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་29.15ཟིན་པ་དེ་དུས་མཚུངས་ལས་3.63%འཕར་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་རྫས་དེ་དེང་སྐབས་ཕྱི་རྒྱལ་དུ་འགྲོ་མང་ཤོས་ཀྱི་སྨན་རྫས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་བསྐྲུན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་ཕྱིར་གཏོང་རྟེན་གཞི་31དེ་དག་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རྒྱལ་སྤྱིའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཤིག་ཏུ་གྱུར་ཡོད།

    ལོ་མང་རིང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཐང་གི་དར་གོས་ལམ་བུ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་སྟེ། ཨུ་རུ་སུ་དང་། ཐེ་ལན། ཧང་ག་རི་སོགས་རྒྱལ་ཁབ་དང་མཉམ་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཕྱི་རྒྱལ་ལྟེ་གནས་30བཙུགས་ནས་མཉམ་སྐྲུན་རྒྱལ་ཁབ་ཏུ་ཀྲུང་ལུགས་སྨན་སྣ་ཁ་བརྒྱ་ལྷག་ཙམ་ལ་སྨན་རྫས་ཐོབ་ཐང་ཐོག་ནས་ཁྲོམ་རར་འཚོང་བར་སྐུལ་འདེད་གཏོང་བ་དང་། མཉམ་སྐྲུན་རྒྱལ་ཁབ་14དང་སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་པ། མཉམ་སྐྲུན་རྒྱལ་ཁབ་8ཀྱིས་རང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་ནང་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་བྱས་ཡོད།

    ན་ནིང་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་སོགས་སྒྲིག་གཞིས་འཁོར་སྐྱོད་བྱས་པའི“རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་གི་ནད་ཐོག་སྨན་བཅོས་ཚོད་ལྟའི་ཐོ་འགོད་ལས་སྟེགས”དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ནད་ཐོག་སྨན་བཅོས་ཚོད་ལྟའི་ཐོ་འགོད་ལས་སྟེགས་ཀྱི་རིམ་པ་དང་པོའི་ཐོ་འགོད་སྒྲིག་གཞིར་གཏན་འཁེལ་བྱས་པ་རེད། འདི་ནི་གོ་ལ་ཧྲིལ་པོར་སྲོལ་རྒྱུན་གསོ་རིག་བརྗོད་བྱ་གཙོ་བོར་བྱས་པའི་ནད་ཐོག་ཚོད་ལྟའི་ཐོ་འགོད་ལས་སྟེགས་དང་པོ་དེ་ཡིན་པ་དང་། དེས་ཀྲུང་ལུགས་གསོ་རིག་གི་ནད་ཐོག་ཚོད་ལྟའི་ཆ་འཕྲིན་ཡོངས་བསྒྲགས་དང་། ཀྲུང་ལུགས་གསོ་རིག་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་འཛམ་གླིང་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།