མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ཚད་གཞི《རང་བྱུང་གནོད་འཚེའི་དཔལ་འབྱོར་གྱོང་གུན་གྱི་ཞིབ་རྩིས་དམིགས་ཚད》དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་3ཚེས་20ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་སྒྲིག་འཛུགས་བྱས་ནས་བཟོས་པའི་ས་གནས་ཀྱི་ཚད་གཞི་སྟེ། 《རང་བྱུང་གནོད་འཚེའི་དཔལ་འབྱོར་གྱོང་གུན་གྱི་ཞིབ་རྩིས་དམིགས་ཚད》(DB63JH-167-2022)དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་རང་བྱུང་གནོད་འཚེའི་དཔལ་འབྱོར་གྱོང་གུན་ལ་ཞིབ་རྩིས་བྱེད་པའི་ས་གནས་ཀྱི་ཚད་གཞི་ཞིག་ཡིན་པ་དང་། དེས་ལམ་ལུགས་ཀྱི་སྟོང་ཆ་བསྐངས་ནས་ཞིང་ཆེན་ཡོངས་ལ་གནོད་འཚེའི་གྱོང་གུན་ཚོད་སྐོར་གནད་འཁེལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པས། དེར་དམིགས་སའི་རང་བཞིན་དང་། གོ་ཆོད་རང་བཞིན། བཀོལ་སྤྱོད་རང་བཞིན། རྒྱ་ཁྱབ་ཀྱི་སྤྱི་ཚོགས་རང་བཞིན་བཅས་ལྡན་པས་དོན་སྙིང་ཆེན་པོ་ལྡན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚད་གཞི་དེར་ཁྱོན་ལེའུ་7དང་དོན་ཚན་29ཡོད་པ་དེ་དག་གནོད་འཚེའི་རྐྱེན་གྱིས་གྱོང་གུན་ཕོག་པའི་འཛུགས་སྐྲུན་དངོས་པོའི(ལྷུ་ལག)མ་གནས་དང་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་གྱོང་གུན་གྱི་ཞིབ་རྩིས་རིན་ཐང་ཆུས་དང་རྫོང་ཁག་དབྱེ་ནས་གཙོ་གནད་དུ་གཏན་འཁེལ་ཁ་གསལ་བཟོས་ཏེ། གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཀྱི་ས་ཡོམ་དང་། ཆུ་ལོག་ཞོད་སྐྱོན། ཐན་པ་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱི་གནོད་འཚེ་ཕོག་ཚུལ་ལ་བསྡོམས་རྩིས་དང་གནོད་འཚེའི་ཚོད་སྐོར་ལ་འཚམ་པོ་ཡོད་པ་རེད།
ཚད་གཞི་འདི་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་ནི《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕྲལ་སྡོམ་མ་ལག་འཛུགས་སྐྲུན་འཆར་འགོད》ལ་བརྡ་ལན་ཧུར་ཐག་ཞུས་པ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་གནོད་འཚེའི་གྱོང་གུན་ལ་བསྡོམས་རྩིས་དང་ཚོད་སྐོར་བྱེད་པའི་གཞི་འཛིན་ས་གཅིག་གྱུར་བྱུང་ནས་གནོད་འཚེའི་གྱོང་གུན་བསྡོམས་རྩིས་དང་ཚོད་སྐོར་གནད་ལ་འཁེལ་ཚད་མཐོ་རུ་ཕྱིན་ཏེ་ཞིང་ཆེན་ཡོངས་ཀྱི་གནོད་འཚེའི་གྱོང་གུན་བསྡོམས་རྩིས་དང་། རྗེས་མཐུད་རོགས་སྐྱོབ། གེགས་རྗེས་བསྐྱར་སྐྲུན་བཅས་ལ་ཚད་གཞིའི་འདེགས་སྐྱོར་ཐུབ་ཡོད།