དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤེས་དཔལ་གྱི་སྲོལ་བཟང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བླ་སྲོག་བཏོད་པ།

    —— 2023ལོའི་ལྷོ་ཁ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    འདི་ནི་སྣེ་གདོང་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་རུ་ཁག་གིས་ཞིང་ནང་དང་མུ་ཁར་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་སློབ་སྦྱོང་བྱེད་བཞིན་པ།

    2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བྱས་ནས། ཤེས་དཔལ་འཛུགས་གཏོད་དང་། ཤེས་དཔལ་སྐྱེད་སྲིང་། ཤེས་དཔལ་ལག་ལེན་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་ཤུགས་ཆེན་བཏང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ཁག་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

    དམངས་ཆེད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཤེས་དཔལ་འཛུགས་གཏོད་ལ་སྐུལ་འདེད་བརྟན་པོ་བཏང་བ།

    “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར”དེ་ཉིད་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མཚོན་པར་བྱེད་པའི་གཟི་བརྗིད་མཚན་སྙན་ཞིག་ཡིན་པའི་ངོས་ནས་རིན་ཐང་ཆེ་ཤོས་ལྡན་པའི་གྲོང་ཁྱེར་གྱི་མིང་བྱང་ཞིག་ཏུ་བརྩི་གི་ཡོད།

    2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཧུར་ཐག་བྱ་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བྱས་ནས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་དང་། ཤེས་དཔལ་ཚན་པ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་བཅས་འཛུགས་གཏོད་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་ཡོད།

    ལོ་གཅིག་རིང་། ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་ས་གནས་ས་ཐོག་ཏུ་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཐད་ལྟ་སྐུལ་མཛུབ་ཁྲིད་ཐེངས་5བྱས་པ་དང་། གྲོང་ཁྱེར་འཛུགས་གཏོད་ཀྱི་འགག་སྒྲོལ་བཀོད་གཏོང་ཚོགས་འདུ་ཐེངས་མང་སྒྲིག་འཛུགས་བྱས་པ། སྡེ་ཚན་ཁག་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་བ། རྫོང་6སྒྲིག་འཛུགས་བྱས་ཏེ་ཨན་ཧུའེ་ཞིང་ཆེན་ཁྲའོ་ཧུའུ་གྲོང་ཁྱེར་དང་ཐེན་ཁྲང་གྲོང་ཁྱེར་སོགས་སུ་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་སློབ་སྦྱོང་བྱེད་པར་སྐྱོད་དེ་མཐོང་རྒྱ་སྔར་བས་ཆེ་རུ་བཏང་བ་དང་གྲོང་ཁྱེར་འཛུགས་གཏོད་ཀྱི་ནུས་པ་ཆེ་རུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་ཚན་པ་63ལ་སྐབས་བདུན་པའི་རང་སྐྱོང་ལྗོངས་ཤེས་དཔལ་ཚན་པའི་དྲ་ཐོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཐོབ་པ། “ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་འཛུགས་གཏོད་ཀྱི་སྐོར་སྐྱོད”བྱེད་སྒོ་ཧུར་ཐག་སྤེལ་ནས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་འཛུགས་གཏོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་པ། མཚོ་སྨད་རྫོང་སྒྲུབ་སྡེ་གྲོང་ཚོའི་ཤེས་དཔལ་ལག་ལེན་གྱི་གྲུབ་འབྲས་སོགས་སྨྱན་སྦྱོར་ཚན་པས་རྒྱ་ཁྱབ་ངང་སྤེལ་གཏོང་བྱས་ཡོད།

    ན་ནིང་གི་ལོ་མཇུག་བར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པ་དང་དེ་བཞིན་དེ་ཡན་གྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་124དང་། ཤེས་དཔལ་ཚན་པ་138 ཤེས་དཔལ་ཁྱིམ་ཚང་222 ཤེས་དཔལ་སློབ་གྲྭ་15བཅས་དཔྱད་འདེམས་བྱས་ནས། ཡར་ཀླུང་ས་གཞི་ཧྲིལ་པོར་མི་ཚང་མས་ཤེས་དཔལ་གྱི་བྱ་སྤྱོད་སྤེལ་བ་དང་ཁྱིམ་ཚང་ཚང་མས་ཤེས་དཔལ་འཛུགས་གཏོད་ལ་ཞུགས་པའི་རྣམ་པ་ཁྱབ་པར་བྱས་པས། ཤེས་དཔལ་གྱི་མེ་ཏོག་གཅིག་ལ་གཅིག་འགྲན་ངང་ཁྲ་ཆིལ་ལེར་བཞད་ཡོད།

    རིན་ཐང་གི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཤེས་དཔལ་གྱི་ལས་དོན་ལ་མེ་ཏོག་བཞད་ནས་འབྲས་བུ་བཏགས་པ།

    2023ལོར་ལྗོངས་ཡོངས་ཀྱི“3·5”ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཉིན་མོའི་དང་བླངས་ཞབས་ཞུའི་དཔེ་སྟོན་བྱེད་སྒོ་དེ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་སྤེལ་བ་དང་། སྐབས་བདུན་པའི“ལྷོ་ཁར་སེམས་འགུལ་ཐེབས་པའི་མི་སྣ་ཆེ་གྲས་བཅུ”དཔྱད་འདེམས་གཟེངས་བསྟོད་དང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་སྡེ་ཁུལ་གྱི་སྤེན་པ་དར་རྒྱས་ལ་སྐབས་བདུན་པའི་རང་སྐྱོང་ལྗོངས་ཀྱི་ཁ་དན་ཚིག་གནས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མཚན་སྙན་ཐོབ་ཡོད།

    སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་དང་སྔོན་ཐོན་གྱི་བྱས་རྗེས་ཁྱབ་སྤེལ་བཏང་ནས་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་ནུས་འདོན་སྤེལ་བྱས་ཤིང་། ལོ་གཅིག་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོ་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་སྲོལ་གསར་སྣེ་ཁྲིད་བྱེད་པའི་ལམ་བུའི་ཐོག་སྔར་བས་མདུན་སྐྱོད་བྱས་ཡོད།

    དཔེ་བཟང་བ་ཞིག་ནི་བསམ་པའི་མཛད་རྗེས་རྡོ་རིང་ཞིག་རེད། དཔེ་མཚོན་སྔོག་འདོན་དང་དཔེ་བཟང་སྣེ་ཁྲིད་བྱེད་པའི་ཐད་ལྷོ་ཁ་གྲོང་ཁྱེར་གྱིས“ཀྲུང་གོའི་མི་བཟང”དང་། “དུས་རབས་གསར་པའི་ལོ་ཆུང་བཟང་པོ” “བརྒྱ་བཞི”ཡི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་སོགས་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། སྐབས་དང་པོའི“མཐའ་སྲུང་བ་ཡག་ཤོས”དཔྱད་འདེམས་བྱེད་སྒོ་གསར་གཏོད་ཀྱིས་བཏོན་ཞིང་། གྲོང་ཁྱེར་ཡོངས་ཀྱི་མི་སྒེར་3དང་། དང་བླངས་ཞབས་ཞུའི་རུ་ཁག་1 དང་བླངས་ཞབས་ཞུའི་རྣམ་གྲངས་1 སྡེ་ཁུལ་1བཅས་རང་སྐྱོང་ལྗོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་ལ་བདམས་པ་དང་སྐལ་བཟང་བསྟན་འཛིན་སོགས་མི་13“མཐའ་སྲུང་བ་ཡག་ཤོས”ལ་བདམས་ཡོད།

    སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཚོགས་པ་དེ་དག་གིས་ཁོང་ཚོའི་བླ་ན་མེད་པའི་གཤིས་རྒྱུད་དང་དོན་གཉེར་གྱི་བྱ་སྤྱོད་ལ་བརྟེན་ནས་མི་དེ་བས་མང་བ་འབད་འབུངས་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།

    ཞབས་ཞུའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཤེས་དཔལ་ལག་ལེན་གྱི་སྤུས་ཚད་ཆེ་རུ་དང་ཕན་འབྲས་མཐོ་རུ་བཏང་བ།

    དང་བླངས་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་། 2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་དང་། རིག་རྩལ་གཤམ་འཁྲབ། ཁོར་ཡུག་བཅོས་སྒྲིག ཁྲིམས་ལུགས་ཁྱབ་གདལ་སློབ་གསོ། འགྲིམ་འགྲུལ་གཤོང་བ། ཞིང་པར་རོགས་སྐྱོར། འགལ་ཟླ་འདུམ་འགྲིག་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གིས་ཤེས་དཔལ་ལག་ལེན་བྱེད་སྒོ་སྣ་ཚོགས་ཁྱོན་ཁྲི་1.6ལྷག་ཙམ་སྤེལ་བར་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་78ལྷག་ཙམ་ཟིན་པ། རྒྱ་ཆེའི་དང་བླངས་ཞབས་ཞུའི་དཔུང་ཁག་གིས་རང་དཔེ་གཞན་སྟོན་གྱིས་ཤེས་དཔལ་དར་སྲོལ་གྱི་སྣེ་ཁྲིད་དེ་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ཡོད།

    ཆེད་དོན་དང་བླངས་ཞབས་ཞུའི་ཁྱབ་ཁོངས་ཁག་ཏུ་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ལྷོ་ཁའི་མེ་འཁོར་བབས་ཚུགས་ཀྱིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་དང་བླངས་ཞབས་ཞུའི་སྤུས་རྟགས་བཏོད་པ། ལྷོ་ཁ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས“རླུང་འཕྲིན་བརྙན་འཕྲིན་གྱི་གདོང་ལེན་པའི”ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཐད་ཀྱི་དགོས་མཁོ་བསྐངས་བ། སྣེ་གདོང་ཆུས་ཀྱི་གཞི་རིམ་སྡེ་ཁུལ་དུ་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་ལ་ཞབས་འདེགས་ཞུ་བའི་སྤྱི་ཕན་ཞབས་ཞུའི་རུ་ཁག་དང་། འབད་བརྩོན་དང་སྙིང་རུས་ཆེ་བའི་སྤྱི་ཕན་ཞབས་ཞུ་རུ་ཁག སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་བའི་རྒན་རྒོན་གྱི་སྤྱི་ཕན་ཞབས་ཞུ་རུ་ཁག་སོགས་དང་བླངས་ཞབས་ཞུའི་རུ་ཁག་མང་པོ་ཐོན་ཡོད་པ་རེད།

    དང་བླངས་ཞབས་ཞུའི་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་། དང་བླངས་སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་གཏོང་བ། དང་བླངས་ཞབས་ཞུའི་བྱེད་སྒོ་ཉིན་བཞིན་ཚད་ལྡན་དུ་གཏོང་བ་བཅས་དང་བསྟུན་ནས“ལེགས་སྐྱེས་དང་། མཛའ་གྲོགས། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་མང་ཚོགས་ཀྱི་ཁྲོད་དུ་བསྡུས་ནས་ལྷོ་ཁའི་གྲོང་ཁྱེར་གྱི་ཤེས་དཔལ་ཐད་ལེགས་སྐྱེས་མུ་མཐུད་འབུལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།