དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་པེ་ཤང་དབྱང་སྨན་བཅོས་བོད་སྐྱོར་རུ་ཁག་གིས།

    འཕྱོངས་རྒྱས་རྫོང་གི་སྨན་བཅོས་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས། སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་ཀྱི་ལག་རྩལ་མཐོ་རུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བར་བྱ་ཐབས་སྤྱད་དེ་འཕྱོངས་རྒྱས་རྫོང་གི་སྨན་བཅོས་ཆུ་ཚད་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྔར་བས་བསྐངས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དབྱང་གྲོང་ཁྱེར་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ཀྲུང་ལུགས་གསོ་རིག་སྨན་ཁང་དབར་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ནས། སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་ནད་བརྟག་སྨན་བཅོས་བྱེད་ཐབས་འཕྱོངས་རྒྱས་རྫོང་དུ་ནང་འདྲེན་བྱས་པས་ས་གནས་དེ་གའི་ནད་པར་སྨན་བཅོས་ཀྱི་རེ་བ་གསར་པ་སྦྱིན་པ་མ་ཟད། འཕྱོངས་རྒྱས་ཀྱི་སྨན་བཅོས་ཤེས་ལྡན་པའི་གསོ་སྐྱོང་ལ་སྔར་བས་རོགས་རམ་ཐུབ་ནས་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    དེ་དང་ཆབས་ཅིག ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། EDCསོཌ་མྱུར་སྐྱོབ་སྒྲིག་ཆས་ཞལ་འདེབས་བརྒྱབ་ནས་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་འཕྲལ་སྡོམ་མྱུར་སྐྱོབ་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་དང་། རྒྱང་ཁྲིད་སྨན་བཅོས་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་བས་འཕྱོངས་རྒྱས་རྫོང་གི་ཕྱི་ནད་ཀྱི་གཤགས་བཅོས་ཆུང་ངུ་དང་རུས་ནད་ཀྱི་རྨ་ཁ་དང་རུས་པ་ཆག་པའི་གཤགས་བཅོས་ཐོག་མ་ལག་བསྟར་བདེ་བླག་ཐུབ་པ། འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ནད་པ་ཤང་དབྱང་གྲོང་ཁྱེར་དུ་ཁྲིད་དེ་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་པ། མིག་ནད་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་འཕྱོངས་རྒྱས་རྫོང་དུ་སྐྱ་གྲིབ་ནད་ཀྱི“འོད་ཟེར་བྱ་སྤྱོད”སྤེལ་ནས་ནད་པ་38ལ་སླར་ཡང་འོད་སྣང་སྦྱིན་པ་དང་། བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས་འཕྱོངས་རྒྱས་རྫོང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།