ཕྱི་རུ་གྲང་རླུང་ལྡང་ན་ཡང་། དྲོད་ཁང་ནང་དུ་གསོན་ཤུགས་རྒྱས།
—— ཉིང་ཁྲི་དབྱིན་ཧྥུང་སྐྱེ་ཁམས་ཞིང་རའི་སྔོ་ཚལ་སོས་པ་ཁྲོམ་རར་བྲིན་ཁ་རྒྱུག་པ།
གནམ་གཤིས་གྲང་བའི་སྐབས་ཉིང་ཁྲི་དབྱིན་ཧྥུང་སྐྱེ་ཁམས་ཞིང་རའི་དྲོད་ཁང་སྟར་པ་རེ་རེའི་ནང་སྔོ་ཚལ་མང་པོ་སྐྱེས་ཡོད། དེའི་ནང་ཀྲོ་མ་ཀྲུ་དང་། ཧོང་ཀྭ སུར་པན་སོགས་ཀྱི་སྐྱེ་ཚུལ་ལེགས་པས་ལས་མི་ཚོས་སྔོ་ཚལ་འཐུ་བར་བྲེལ་བཞིན་འདུག
“ང་ཚོའི་ཞིང་རས་སུར་པན་དང་། ཧོང་ཀྭ ལ་ཕུག ཆེ་ཙི། ཀྲོ་མ་ཀྲུ ལོ་མའི་ཚལ་སོགས་གཙོ་བོར་འདེབས་པ་དང་། འདེབས་འཛུགས་ཐད་སྐྱེ་ལྡན་གྱི་ཐོན་སྐྱེད་བྱེད་སྟངས་སྤྱད་པས། ཐོན་རྫས་ཁག་གཅིག་ལ‘སྐྱེ་ལྡན་ར་སྤྲོད་ལག་ཁྱེར’ཐོབ་ཡོད། དྲོད་ཁང་ནང་བཏབ་པའི་སྔོ་ཚལ་སོས་པ་སྣ་ཚོགས་ཀྱིས་གྲོང་མིའི་གསོལ་ལྕོག་གི་ཞལ་ཟས་ཕུན་སུམ་ཚོགས་སུ་བཏང་ཡོད”ཅེས་ཉིང་ཁྲི་དབྱིན་ཧྥུང་སྐྱེ་ཁམས་ཞིང་རའི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ད་ཆ་དབྱིན་ཧྥུང་སྐྱེ་ཁམས་ཞིང་རར་རབས་གསུམ་པའི་དྲོད་ཁང་ཆེན་པོ་ཡོད།
ཤེལ་གྱི་དྲོད་ཁང་ནང་ཉི་འོད་ཕོག་ཚད་ཆེ་ལ་བརྟན་པ་དང་། ཆུ་དང་རླངས་པ་འཚོག་ཐུབ་པ། འཁྱགས་པ་དང་བ་མོ་མི་ཆགས་པ། དྲོད་ཚད་འཕར་མགྱོགས་པ། སྤྱི་ཡོངས་ཀྱི་བཀོད་པ་གསལ་ཞིང་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྤྱོད་ཡུན་རིང་བ་དང་། བཀོལ་སྤྱོད་ཀྱི་བར་མཐོངས་ཆེ་བ། ཁྱོན་ཡོངས་ནས་མཐོང་ཐུབ་པ་བཅས་ཡོད། གྲང་ངར་ཆེ་བའི་དགུན་དུས་སུའང་དྲོད་ཁང་ནང་གི་ཉིན་མོའི་དྲོད་ཚད་25℃ཟིན་པ་དང་། མཚན་མོའི་དྲོད་ཚད་8℃ཡས་མས་སུ་ཚོད་འཛིན་ཐུབ་པས། དྲོད་སྲུང་བྱེད་ནུས་ཧ་ཅང་ཡག་པོ་ཡོད་པར་བརྟེན་དགུན་དུས་སྔོ་ཚལ་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
གཞན་ཡང་། གྲང་ངར་ཆེ་བའི་གནམ་གཤིས་བསྟན་སྐབས་ཉིང་ཁྲི་དབྱིན་ཧྥུང་སྐྱེ་ཁམས་ཞིང་རས་ཚན་རིག་དང་མཐུན་པའི་སྒོ་ནས་དྲོད་ཚད་མི་ཤོར་བའི་བྱ་ཐབས་ནུས་ལྡན་སྤྱད་དེ། སྒྲིག་འཛུགས་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་ཀྱི་ཡོད། དྲོད་སྲུང་འགྱིག་ཤོག་སྲབ་མོ་གཡོག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྔོ་ཚལ་དྲོད་ཁང་བརྟན་དུ་གཏོང་བ་དང་། དྲོད་ཚད་དམའ་བར་མྱུ་གུ་སྐྱེ་འཚར་ཡོང་བ་བྱས་ཏེ་སྡོང་ཕྲུག་གི་འཁྱོག་ནུས་ཆེ་རུ་གཏོང་བ། ལུགས་མཐུན་ངང་རྩ་སྲུང་ལུད་རྒྱག་བྱས་ནས་ཉི་མ་འོས་འཚམ་ཕོག་བཅུག་པ། ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མྱུར་བསྡུ་མྱུར་འདེབས་ཡག་པོ་བྱེད་པ། འདེབས་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པ་བཅས་ཐོན་སྐྱེད་སྒྲིག་བཀོད་དྲོད་སྲུང་གྲང་འགོག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་སྔོ་ཚལ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་བྱེད་ནུས་ཆེ་རུ་བཏང་ཡོད།
དྲོད་ཁང་ཕྱིར་གྲང་རླུང་ལྡང་ཡང་དྲོད་ཁང་ནང་ཧ་ཅང་དྲོ་པོ་ཡོད། དེང་རབས་ཞིང་ལས་ལག་རྩལ་སྣ་ཚོགས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་དྲོད་ཁང་ཆེན་པོའི་ནང་དབྱར་དུས་ལྟར་ཞིང་ལས་སྐྱེ་དངོས་སྐྱེ་འཚར་ཡག་ཅིང་། འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཞིང་རས་ཉིང་ཁྲིའི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་མིག་དཔེའི་ནུས་པ་ལེགས་པར་བཏོན་ཏེ། ཉིང་ཁྲིར“ཤ་ཚལ་སྒོང་གསུམ”མཁོ་འདོན་འགན་ལེན་དམིགས་ཚད་དུ་བྱས་ནས་སྔོ་ཚལ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་སྤེལ་ཏེ་བདེ་ཐང་དང་། འཚོ་བཅུད་ལྡན་པ། ལྗང་མདོག་བཅས་ཀྱི་ཞིང་ལས་ཐོན་རྫས་འཛད་སྤྱོད་པ་སྔར་ལས་མང་བར་མཁོ་སྤྲོད་བྱེད་ཀྱི་ཡིན་ཞེས་བརྗོད།