དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཀར་ཆུའི་ཐོན་ལས་དར། ཡོང་འབབ་དེ་བས་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་བཞོན་མ་གསོ་སྤེལ་ར་བ་ཚད་ལྡན་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན་བཅས་ལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས་བཞོན་མ་གསོ་སྤེལ་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་འགན་ལེན་སྔར་ལས་ལྷག་པ་བྱུང་བ་མ་ཟད། “དཀར་ཆུའི་ལས་རིགས་དར་རྒྱས”བྱུང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད། མིག་སྔར་རྫོང་དེ་ཡོངས་སུ་གཞི་ཁྱོན་ལྡན་པའི་བཞོན་མ་གསོ་སྤེལ་ར་བ་3(ཚལ་སྣེའི་ཚད་གཞི་མཐོ་བའི་བཞོན་མ་ར་བ་དང་། གཡུ་འབྲུག་བཞོན་མ་གསོ་སྤེལ་མཉམ་ལས་ཁང་། དཔལ་གླིང་གྲོང་ཚོའི་བཞོན་མ་གསོ་སྤེལ་ར་བ)དང་། གསོ་ཚགས་དུད་ཚང་ཆེན་པོ་དང་མཉམ་ལས་ཁང་5 བཞོན་མ་1510བཅས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་གི་ས་གཙང་བཞོན་མ་གསོ་སྤེལ་ར་བར་བཞོན་མ་570ཡོད་པ་ནས་ཆ་སྙོམས་བྱས་ན་ཉིན་རེར་འོ་མ་ཐོན་ཚད་རྒྱ་མ་1800དང་ལོ་རེར་འོ་མ་ཐོན་ཚད་ཏུན་328ཟིན་གྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྤེལ་ར་བར་ད་ལྟ་ལས་མི་28ཡོད་པ་དང་མི་རེའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར་4000ཟིན་གྱི་ཡོད། གསོ་སྤེལ་ར་བས་ལོ་ལྟར་ད་དུང་ས་གནས་དེ་གའི་ཞིང་འབྲོག་པའི་ས་ནས་མ་རྨོས་ལོ་ཏོག་གི་སྔོ་གཟན་སྙོལ་བ་དང་། མར། ནས་སོགས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་ཏེ། གཟན་རྩྭ་འདེབས་འཛུགས་བྱེད་པར་སྐུལ་ཁྲིད་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་རོགས་སྐྱོར་བྱེད་ཀྱི་ཡོད།

    “ང་ཚོའི་གྲོང་ཚོའི་བཞོན་མ་གསོ་སྤེལ་མཉམ་ལས་ཁང་ལ་ད་ལྟ་བཞོན་མ་235ཡོད་པ་དང་ཉིན་རེར་ཆ་སྙོམས་བྱས་ན་བཞོན་མ་རེ་ནས་འོ་མ་ཐོན་ཚད་རྒྱ་མ་18ཟིན་གྱི་འདུག”ཅེས་དང་། བཞོན་མ་གསོ་སྤེལ་མཉམ་ལས་ཁང་རིམ་བཞིན་རྒྱས་སྐྲུན་བྱས་པ་བརྒྱུད་མང་ཚོགས་དེ་བས་མང་པོ་བཞོན་མ་གསོ་སྤེལ་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་སོང་། མིག་སྔར་གྲོང་ཚོར་གསོ་སྤེལ་ལས་རིགས་དང་འབྲེལ་བ་ཡོད་པའི་དུད་ཚང་21ཡོད་པ་དང་། བཞོན་མ་གཅིག་སྡུད་གསོ་སྤེལ་དང་དུད་ཚང་ཁག་བགོས་ཀྱིས་གསོ་ཚགས་བྱེད་པའི་རྣམ་པ་ཞིག་ཆགས་པ་མ་ཟད། ད་དུང་གཅིག་གྱུར་དོ་དམ་དང་གཅིག་སྡུད་གཉེར་སྐྱོང་ཡང་བྱུང་ཡོད་ཅེས་ཆུ་ཤུར་རྫོང་ཚ་རགས་ཤང་དཔལ་གླིང་གྲོང་ཚོའི་བཞོན་མ་གསོ་སྤེལ་མཉམ་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་།

    ཆུ་ཤུར་རྫོང་གཡུ་འབྲུག་བཞོན་མ་གསོ་སྤེལ་མཉམ་ལས་ཁང་ལ་ཁྱོན་དུད་ཚང་48ཡོད་པའི་ནང་བཞོན་མ་གསོ་སྤེལ་དུད་ཚང་36ཡོད། མཉམ་ལས་ཁང་དེས་མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་ཟུང་དུ་འབྲེལ་བའི“ཞིང་བཟོ་ཚོང་གསུམ་གཞི་གཅིག་ཅན”དང“ཐོན་སྣོན་བྲིན་གསུམ་ལུ་གུ་བརྒྱུད་འབྲེལ”བཅས་ཀྱི་གཉེར་སྐྱོང་དོ་དམ་བྱེད་སྟངས་གཞིར་བཟུང་། བཞོན་མ་ཚང་མ་གཅིག་སྡུད་གསོ་སྤེལ་དང་དུད་ཚང་ཁག་བགོས་ཀྱིས་གསོ་ཚགས་བྱེད་པ་མ་ཟད། ད་དུང་མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་དང་གཅིག་སྡུད་གཉེར་སྐྱོང་ཡང་བྱེད་ཀྱི་ཡོད། “མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་400ཡན་ཟིན་པ་དང་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་ཟིན་ཏེ། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ཡི་འདུག”ཅེས་མཉམ་ལས་ཁང་གི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།