དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཉམ་སྡེབ་དཔལ་འབྱོར་དར། དམངས་ཀྱི་ཡོང་འབབ་འཕར།

    —— སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རིམ་སྤོར་རབས་བརྗེ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    མ་མིག་ཤང་ཚྭ་མཚོ་གྲོང་ཚོ་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། 2016ལོར་ཚྭ་མཚོ་གྲོང་ཚོས་ར་དཀར་པོའི་ཁུ་ལུའི་རྟེན་གཞི་དང་། གྲོང་ཚོའི་ཇ་ཁང་། གྲོང་ཚོའི་ཚོང་ཁང་། ཨར་ལས་རུ་ཁག མི་ཐབས་རྩྭ་འདེབས་བཅས་མཉམ་ལས་རྩ་འཛུགས་5ཟླ་སྒྲིལ་བཏང་སྟེ། ཚྭ་མཚོ་གྲོང་ཚོའི་དབུལ་སྐྱོར་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་། དེང་རབས་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་ཧུར་ཐག་བཏོད་པ། དེང་རབས་འབྲོག་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་བཅས་ལ་འགྱུར་ལྡོག་ཟམ་མི་ཆད་པར་བཏང་བ་བཅས་ལས་འབྲོག་ཁུལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་ནུས་པ་ལྡན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2022ལོར་མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་465ཟིན་པ་དང་མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་6748.9བརྒྱབ་ཡོད།

    འབྲོག་དུད་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ།

    ཚྭ་མཚོ་གྲོང་ཚོ་ནི་མ་མིག་ཤང་རྫོང་གྲོང་དང་བར་ཐག་སྤྱི་ལེ་80ཡི་སར་གནས་ཤིང་། གསར་འགོད་པ་རླངས་འཁོར་བསྡད་དེ་རི་བོ་མང་པོ་བརྒྱབ་རྗེས་གཞི་ནས་གྲོག་རོང་དུ་གནས་པའི་མ་མིག་ཤང་ཚྭ་མཚོ་གྲོང་ཚོར་འབྱོར། མ་མིག་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་པ་ཤེས་རབ་མཐའ་ཡས་ཀྱིས། ཚྭ་མཚོ་གྲོང་ཚོ་ནི་མ་མིག་ཤང་གི་མི་འབོར་མང་ཤོས་ཀྱི་གྲོང་ཚོ་ཞིག་རེད་ལ།“441”(གཅིག་གྱུར་བཞི་དང་། རོགས་སྐྱོར་བཞི། འགན་ལེན་གཅིག)ལག་ལེན་བསྟར་བའི་སྲིད་འཛིན་གྲོང་ཚོ་འབའ་ཞིག་དེའང་རེད། “‘གཅིག་གྱུར་བཞི’ཞེས་པ་ནི་ཕྱུགས་རིགས་གཅིག་གྱུར་འཚོ་བ་དང་། རྩྭ་ཐང་ལ་གཅིག་གྱུར་དོ་དམ་བྱེད་པ། ལས་འགན་གཅིག་གྱུར་བཀོད་སྒྲིག་བྱེད་པ། མཉམ་ལས་ཁང་གཅིག་གྱུར་འཁོར་སྐྱོད་བྱེད་པ་བཅས་ལ་ཟེར་བ་དང་། ‘རོགས་སྐྱོར་བཞི’ཞེས་པ་ནི་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར་དང་། སློབ་གྲྭ་ཆེ་མོ་བར་རོགས་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། དབུལ་སྒྲོལ་སྲ་བརྟན་དུད་ཚང་ལ་རོགས་སྐྱོར་བཅས་བྱེད་པར་ཟེར། ‘འགན་ལེན་གཅིག’ཞེས་པ་ནི་མཉམ་དུ་ཕྱུག་པོ་ཆགས་པའི་འགན་ལེན་ལ་ཟེར་གྱི་ཡོད”ཅེས་ངོ་སྤྲོད་བྱས་པ་དང་ཆབས་ཅིག “‘441’འབྲོག་ཁུལ་སྒྱུར་བཅོས་བྱེད་སྟངས་ལག་ལེན་བསྟར་བ་བརྒྱུད། 2018ལོའི་ཟླ་4པར་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ལས་དོན་ལ‘མ་མིག་ཤང་འབྲོག་ཁུལ་སྒྱུར་བཅོས་ཀྱི་བྱ་དགའ་ཨང་དང་པོ’དང‘སྒེར་རྩེ་རྫོང་འབྲོག་ཁུལ་སྒྱུར་བཅོས་ཀྱི་བྱ་དགའ་ཨང་གཉིས་པ’ཐོབ་པ་དང་། 2021ལོའི་ཟླ་2པར་ཚྭ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས་དབང་འདུས་ལ‘རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར’གྱི་མཚན་སྙན་ཡང་ཐོབ་ཡོད”ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཚྭ་མཚོ་གྲོང་ཚོས་དེང་རབས་ཀྱི་རྣམ་པ་གསར་པའི་འབྲོག་ལས་གཉེར་སྐྱོང་མ་ལག་ཧུར་ཐག་བཏོད་པ་དང་། ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ། འབྲོག་ཁུལ་སྒྱུར་བཅོས་ཀྱི་རྩ་འཛུགས་འགོ་ཁྲིད་དང་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འབྲོག་ཁུལ་སྒྱུར་བཅོས་ཆེན་པོའི་རྒྱབ་ལྗོངས་འོག གྲོང་ཚོ་རིམ་པའི་དབུལ་སྐྱོར་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་དང་རིམ་སྤོར་རབས་བརྗེའི་ཆེད་སྲ་ཞིང་བརྟན་པའི་ལས་ཀའི་རྨང་གཞི་བཏིང་ཡོད། 2018ལོའི་ཟླ་7པར་མཉམ་ལས་ཁང་གི་མ་རྐང་ལ་ཞུགས་མཁན་འབྲོག་དུད་149ཡི་མི་689ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གི་བཀོལ་སྤྱོད་ཆོག་པའི་མ་དངུལ་བསྡོམས་འབོར་སྒོར་ཁྲི་300ཟིན་ཡོད། 2022ལོར་མ་མིག་ཤང་གི་ཕྱུགས་རིགས་བཤས་གཏོང་ཚད་24.2%ཟིན་པ་དང་། མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་465ཟིན་པ། མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་6748.9བརྒྱབ་ཡོད།

    ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་འབབ་འཕར་བྱུང་བ།

    2018ལོའི་ཟླ་6པར《ཚྭ་མཚོ་གྲོང་ཚོའི་2018ལོའི་འབྲོག་ཁུལ་སྒྱུར་བཅོས་ཇུས་གཞི》ལ་ཁྱིམ་བདག་89%ཡི་མོས་མཐུན་ཐོབ་ཅིང་། དབུལ་སྐྱོར་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་རྗེས། ཚྭ་མཚོ་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་གིས《མཉམ་ལས་ཁང་གི་སྒྲིག་ཡིག》དང་། 《མ་རྐང་ལ་ཞུགས་པའི་ལམ་ལུགས》 《ནོར་དོན་དོ་དམ་ལམ་ལུགས》 《སྐར་རྒྱག་ལམ་ལུགས》 《ཡོང་འབབ་བགོ་འགྲེམས་ལམ་ལུགས》སོགས་དོ་དམ་ལམ་ལུགས་སྣ་ཚོགས་སྔ་རྗེས་སུ་རྩོམ་སྒྱུར་བྱས་པ་དང་། མི་དོན་རྒྱུ་དངོས་བཞིར་དོ་དམ་བྱེད་པའི་ཚད་ལྡན་ཅན་གྱི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང《སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་དབུལ་སྐྱོར་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གི་སྒྲིག་ཡིག》ལའང་བསྐྱར་དུ་བཟོ་བཅོས་བརྒྱབ་པས། མཉམ་ལས་ཁང་གི་ལས་སྒོའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་ཕྱིན་པ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མཉམ་ལས་ཁང་གིས་ད་དུང་མཉམ་ལས་ཁང་ལ་ཞུགས་མཁན་དབྱེ་བ་ཕྱེ་ཞིང་། དཔལ་འབྱོར་མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ངལ་རྩོལ་ནུས་ཤུགས་ལྡན་པའི་མང་ཚོགས་ཚན་རིག་དང་ལུགས་དང་མཐུན་པའི་ངང་གཅིག་གྱུར་ངང་ལས་ཀ་བཀོད་སྒྲིག་བྱས་ཤིང་། མིག་སྔར་རྩྭ་འདེབས་མཁན་2དང་། སྔོ་ཚལ་འདེབས་མཁན་4 ཇ་ཁང་འཛུགས་མཁན་3 ཚོང་ཁང་གཉེར་མཁན་3 ཨར་ལས་བྱེད་མཁན་27 འབྲོག་ལས་བྱེད་མཁན་150བཅས་ཡོད། “མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་རང་ཉིད་ལ་འཚམ་པའི་ལས་ཀ་རག་སྟེ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ལ། ཡོང་འབབ་ཀྱང་མང་དུ་ཕྱིན་པས་སླད་ཕྱིན་འཚོ་བ་སྔར་ལས་ཡག་ཏུ་འགྲོ་རྒྱུ་ཉག་ཅིག་རེད”ཅེས་ཤེས་རབ་མཐའ་ཡས་ཀྱིས་བཤད།

    མང་ཚོགས་ཀྱི་ངལ་རྩོལ་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་པ།

    “ངའི་ཁྱིམ་དུ་མི་6ཡོད། དེའི་ནང་ནས་ངལ་ནུས་ཡོད་པ་གསུམ་ལས་མེད་ཀྱང་བགོ་འགྲེམས་རྒྱག་སྐབས་མི་གྲངས་ལྟར་སྤྲོད་ཀྱི་འདུག་ལ། སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ལའང་དངུལ་ལེན་རྒྱུ་འདུག དེ་ནི་སྔོན་ཆད་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད” ཅེས་ཡུལ་མི་སྐལ་བཟང་རྡོ་རྗེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་མ་བཙུགས་གོང་སྐལ་བཟང་རྡོ་རྗེའི་ཁྱིམ་གྱི་ལོ་རེའི་ཡོང་འབབ་ཧ་ལམ་སྒོར་ཁྲི་2ལས་ཟིན་གྱི་མེད། འོན་ཀྱང་མཉམ་ལས་ཁང་བཙུགས་རྗེས་ཁོང་ཁྱིམ་ལ་ན་ནིང་བགོ་འགྲེམས་སྒོར་ཁྲི་9ལྷག་ཙམ་བརྒྱབ་པ་དེ་སྔོན་མའི་ལྡབ་4ལྷག་ཙམ་འཕར་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མཉམ་ལས་ཁང་གི་བགོ་འགྲེམས་ལམ་ལུགས་གཞིར་བཟུང་། དབུལ་སྒྲོལ་དུད་ཚང་དང་། སློབ་མ། དབང་པོ་སྐྱོན་ཅན། རྒན་རྒོན་བཅས་ལ་བགོ་འགྲེམས་5%དང་། མ་རྐང་ལ་ཞུགས་པར་བགོ་འགྲེམས་2.5% ངལ་རྩོལ་ནང་ཞུགས་མཁན་ལ་བགོ་འགྲེམས་77.5% མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ་ལ་13.5%ནས་14%བར། མཉམ་ལས་ཁང་གི་ལས་དོན་མི་སྣའི་གླ་ཕོགས་ལ་1%ནས་1.5%བར་བཅས་སྤྱོད་ཀྱི་ཡོད། གྲོང་ཚོ་དེ་ཡོངས་ཀྱི་རྒན་གཞོན་གང་ཞིག་ཡིན་རུང་ཚང་མར་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་དཔལ་འབྱོར་གྱི་གྲུབ་འབྲས་དང་དངོས་ཕན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ཤེས་རབ་མཐའ་ཡས་ཀྱིས་ངོ་སྤྲོད་བྱས་པར། སྐར་གསོག་ལམ་ལུགས་ལག་ལེན་བསྟར་ནས་རྩོལ་བསྟུན་ཐོབ་སྤྲོད་བྱས་ཤིང་། ལས་ཀ་ཇི་ཙམ་བྱས་ན་སྐར་མ་དེ་ཙམ་གྱིས་མཐོ་པོ་རག་ལ་ལས་ཀའི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཞིང་། 2022ལོར་ཚྭ་མཚོ་གྲོང་ཚོར་སྐར་མ་མཐོ་ཤོས་7083ཡིན་པར་བགོ་འགྲེམས་སྒོར་ཁྲི་13.95བརྒྱབ་ཡོད།

    ད་ཆ་ཚྭ་མཚོ་གྲོང་ཚོ་ནི་སྔོན་མའི་གྲོང་ཚོ་དབུལ་པོ་དེ་མིན་པར། གྲོང་མིའི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གོམ་སྟབས་རྗེས་མར་ཚྭ་མཚོ་གྲོང་ཚོས་དཀའ་སྤྱད་འབད་འཐབ་བྱེད་པ་དང་ཆབས་ཅིག དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཕྱོགས་ཡོངས་དང་ཐུན་མོང་ཕྱུག་འགྱུར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།