དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོར་སླར་ཡང་ལོ་ལེགས་ཀྱི་རྣམ་པས་ཕྱུག་པ།

    —— 2023ལོའི་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    2023ལོར་ཕྱིར་མིག་བལྟས་ཚེ། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཞིང་ལས་དང་གྲོང་གསེབ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།

    ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་མུ་མཐུད་ཕྱིན་པ།

    2023ལོར་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱེད་པོ་སྐྱེད་སྲིང་དང་། སྤུས་རྟགས་འཛུགས་གཏོད། མཉམ་འདྲེས་འཕེལ་རྒྱས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    བྱེད་པོ་སྐྱེད་སྲིང་མངོན་གསལ་དོད་པོ་བྱས་ཤིང་། སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་རོགས་སྐྱོར་སྲིད་ཇུས་བཏོན་ནས་མཉམ་ལས་ཁང་དང་དཔེ་སྟོན་ཁང་འཛུགས་གཏོད་བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ་སྣེ་འདྲེན་ཁེ་ལས་178དང་། མཉམ་ལས་ཁང་11824 ཁྱིམ་ཚང་ཞིང་འབྲོག་ར་9534བཅས་ཡོད་པ་དང་། བཀྲག་མདངས་འཚེར་བའི་སྣེ་འདྲེན་ཁེ་ལས་ཀྱི་དཔེ་སྟོན་14དང་རྫོང་ཁོངས་ཀྱི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ཀྱི་རྐང་འཛིན་ཁེ་ལས་31བདམས་ནས་བཏོད་པ། ཞིང་འབྲོག་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་གན་འཇོག་རྣམ་གྲངས་19དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་27.34 དོན་འཁྱོལ་མ་དངུལ་སྒོར་དུང་ཕྱུར་2.1བཅས་ཟིན་ཡོད་པ་རེད།

    སྤུས་རྟགས་འཛུགས་གཏོད་མངོན་གསལ་དོད་པོ་བྱས་ཤིང་། ཞིང་ལས་ཐོན་སྐྱེད་ཀྱི“རྫས་གསུམ་རྟགས་གཅིག”གི་མཐོར་གཏོང་བྱ་སྤྱོད་དང་ཞིང་ལས་ཐོན་རྫས་ཀྱི“རྫས་གསུམ་རྟགས་གཅིག”གི་བྱ་སྤྱོད་ཆེན་པོ་བཞི་དམ་འཛིན་བྱ་གཞིར་བྱས་ཏེ་ས་མཐོའི་ཚོང་རྟགས་དང་། ལྗང་མདོག་ཚོང་རྟགས། ཁྱད་ལྡན་ཚོང་རྟགས་བཅས་མུ་མཐུད་ཡག་པོ་བཏོད་པ། ལྗོངས་ཡོངས་སུ་ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས། གྲགས་ཁྱད་ལེགས་གསར་བཅས་ཀྱི་ཞིང་ལས་ཐོན་རྫས་བསྡོམས་འབོར་301ཟིན་ཡོད་པ་རེད།

    ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་མུ་མཐུད་ཕྱིན་པ།

    2023ལོར། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ལ་བརྩིས་ནས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཚོགས་ཆུང་གཞུང་ལས་ཁང་གི་ནུས་པ་བཏོན་ཏེ་། ཐབས་བརྒྱ་ཇུས་སྟོང་གིས་འབབ་འཕར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མུ་མཐུད་མཐོ་རུ་བཏང་ཡོད།

    ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་67.4རྒྱུན་མཐུད་བསྐྲུན་ནས་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་དང་། ས་རྒོད་མུའུ་ཁྲི་2.39བསྐྱར་སྦོལ་བྱས་པ། ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་15.3བསྐྲུན་ཏེ་ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་པ། འབྲུ་རིགས་ལོ་ཏོག་གཙོ་བོའི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་71%ཟིན་པ། གཟན་རྩྭ་བསྐྱར་འདེབས་དང་ཁང་པའི་རྒྱབ་མདུན་དུ་རྩྭ་མུའུ་ཁྲི་45.83བཏབ་པ། མི་ཐབས་ལ་བརྟེན་ནས་གཟན་རྩྭ་མུའུ་ཁྲི་11.68ཡུག་གཅིག་ལ་བཏབ་པ། ཕྱུགས་རིགས་ཀྱི་རྒྱུད་བཟང་ར་བ་7བསྐྲུན་ནས་རྒྱུད་པ་ལེགས་བཅོས་ཀྱི་ཕྱུགས་རིགས་མགོ་གྲངས་ཁྲི་30ཡན་ཟིན་པ་དང་། ཕྱུགས་རིགས་རྒྱུད་བཟང་ཁྱབ་ཚད་46%ཟིན་པ། ཕྱི་རོལ་དུ་སྔོ་ཚལ་འདེབས་ཁྱོན་བརྟན་དུ་བཏང་སྟེ་བེད་མེད་དྲོད་ཁང་མུའུ་1643.1བསྐྱར་དུ་བེད་སྤྱོད་བྱས་པ། “ཚོད་འཛིན་གཅིག་དང་། ཉུང་གཏོང་གཉིས། གཞི་རྩ་གསུམ”བཅས་ཀྱི་ཞིང་ཁུལ་གྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་དང་ཕན་འབྲས་ཆེ་རུ་བཏང་བས། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་དང་སོག་མ་ཕྱོགས་བསྡུས་སྤྱོད་ཚད་92%དང་95%ཡན་སོ་སོར་ཟིན་ཡོད་པ་རེད།

    མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མུ་མཐུད་བཏང་བ།

    2023ལོར། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས《“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》ལག་བསྟར་ནན་ཏན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཐད་གྲོང་ཚོ་དྭངས་གཙང་བྱ་སྤྱོད་དང་གྲོང་གསེབ་དུད་ཚང་གི་འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་གསང་སྤྱོད་སྒྱུར་བཀོད་ཀྱི“སྤུས་ཚད་མཐོར་གཏོང་ལོ”དང་གསར་སྐྲུན་རྒྱས་སྐྲུན་བྱས་པའི་དུད་ཚང་གི་གསང་སྤྱོད་ཀྱི་སྤུས་ཚད“འགྲན་བསྡུར་ཆེ་མོའི”བྱེད་སྒོ་བདེ་བླག་ངང་སྤེལ་བ། ཞིང་འབྲོག་ཁུལ་གྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་ཁོར་ཡུག་སྲུང་སྐྱོང་གི་ཚོད་ལྟའི་ལས་དོན་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་རེད།

    གྲོང་གསེབ་ཀྱི་དཔེ་སྟོན་འཛུགས་གཏོད་ཐད་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་(འཕྱོངས་རྒྱས་རྫོང)དང་། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཤང་13 གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་107བཅས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྨན་གླིང་གྲོང་ཁྱེར་ལ་2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་བྱེད་པའི་ཆོག་མཆན་ཐོབ་པ། རང་སྐྱོང་ལྗོངས་སུ་གནས་འཕྲོད་དང་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཚོ་ཁྱོན་505ཟིན་པ། 2023ལོར་གནས་འཕྲོད་དང་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཚོ་220འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།