དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྲོམ་རར་མ་རྩ་མུ་མཐུད་འཇོག་གི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཤིན་དབྱི།   |     སྤེལ་དུས།  2024-03-21

    “གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་བའི་རྒྱབ་ལྗོངས་འོག 2023ལོར་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱས་ཡོད། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་ཀྲུང་གོའི་ཁྲོམ་རར་སྔར་བཞིན་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་ཡིད་ཆེས་ཡོད”ཅེས་འཇར་མན་ཁཱ་ཧོ་ཚོགས་པའི་ཀྲུང་གོ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབུ་བཞུགས་ནོར་དོན་དཔོན་ཁོ་རུའེ་ལིན་གྱིས་བརྗོད། ཁོང་གིས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་ཡུན་རིང་གནས་པ་དང་། རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པའི་འཛད་སྤྱོད་དགོས་མཁོ་དང་ཕྱི་དངུལ་བརྟན་པོ་ཡོང་བའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱེད་པ་སོགས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་མུ་མཐུད་མ་འཇོག་བྱེད་པར་ཡིད་ཆེས་སྦྱིན་ཡོད་ཅེས་བརྗོད་པ་རེད།

    2002ལོར། ཁཱ་ཧོ་ཚོགས་པས་ཧྲང་ཧའེ་རུ་ཀྲུང་གོར་ཡོད་པའི་མ་རྩ་ཁེར་འཇོག་གི་ཡན་ལག་ཀུང་སི་ཐོག་མ་དེ་བཙུགས་པ་རེད། མིག་སྔར་ཁཱ་ཧོ་ཚོགས་པས་ཀྲུང་གོར་འཐུས་སྒོ་ཚང་བའི་ཚོང་གཉེར་ཞབས་ཞུའི་མ་ལག་བཙུགས་པ་དང་། བརྒྱུད་ཚོང་ཁང་500ལྷག་ཙམ་ཡོད་པ། ཀྲུང་གོའི་གཙོ་རྒྱུན་དྲ་ཐོག་ཚོང་དོན་ལས་སྟེགས་10ལྷག་ཙམ་ལ་ཁྱབ་ཡོད། ཁཱ་ཧོ་ཚོགས་པས་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་མཐོང་སྐབས། 2011ལོར་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐོན་སྐྱེད་རྟེན་གཞི་བཙུགས་པ་དང་འབྲེལ། 2019ལོར་ཅང་སུའུ་ཞིང་ཆེན་ཁྲང་ཧྲུའུ་གྲོང་ཁྱེར་དུ་ཁཱ་ཧོ་ཀྲུང་གོའི་སྤྱི་ཁྱབ་པུའུ་བཙུགས་ནས་ཀྲུང་གོར་ཡོད་པའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

    “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཐོག་ཀྲུང་གོས་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་རྩའི་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་ལས་ཁོ་རུའེ་ལིན་གྱིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཚོར་ཡོད། “ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས། གཞི་ཁྱོན་དེ་བས་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བའི་ཁྲོམ་ར་དང་སྔོན་ཐོན་ལག་རྩལ་དེ་བས་མང་བ་སྐྲུན་ནས་ཕྱི་རྒྱལ་གྱི་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་བར་མཐོངས་དེ་བས་ཆེ་བ་གཏོད་རྒྱུ་རེད” ཁོ་རུའེ་ལིན་གྱིས་ཕྱི་རྒྱལ་གྱི་མ་རྩའི་ཆོག་འཐུས་ཚད་གཞི་རྒྱུན་ཆད་མེད་པར་དམའ་རུ་བཏང་བ་དང་དེ་བཞིན་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཐོན་ལས་ཀྱི་དཀར་ཆག་མང་དུ་གཏོང་རྒྱུར་སྐུལ་ལྕག་གཏོང་བ་སོགས་ཀྱི་སྲིད་ཇུས་ཡག་པོ་དེ་དག་ལས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཡང་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཁོ་རུའེ་ལིན་གྱིས། འབྱུང་འགྱུར་ཁཱ་ཧོ་ཚོགས་པས་ཀྲུང་གོར་ཡོད་པའི་བཀོད་པ་ཧྲིལ་པོ་སྔར་བས་རྒྱ་ཆེར་བཏང་ནས་ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་དེ་བས་ལེགས་པ་སྐོང་རྒྱུ་ཡིན། “ཀྲུང་གོའི་ཁྲོམ་རའི་གསོན་ཤུགས་ཆེ་བ་དང་། འཕེལ་རྒྱས་ཀྱི་བར་མཐོངས་ཆེ་བ། ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་སྣ་ཚོགས་ཀྱི་བཀོལ་སྤྱོད་རྣམ་པའང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས། ང་རང་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད། ཁོ་རུའེ་ལིན་གྱིས་ཀྲུང་གོས་འཛད་སྤྱོད་ཀྱི་ཡིད་ཆེས་འཕེལ་བའི་སྲིད་ཇུས་དེ་བས་མང་བ་བཏོན་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ། ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་རྩ་འཇོག་པར་སྟབས་བདེ་དེ་བས་མང་བ་སྐྲུན་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།