དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་བཏང་བ་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝུའེ་ལུན·ཕི་ཁྲའེ་ཝུང་ཕཱ་ཏི།   |     སྤེལ་དུས།  2024-03-21

    ཀྲུང་གོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ལ་བརྟེན་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་པ་དང་ལས་རིགས་མང་པོ་ཞིག་གི་འཕེལ་རྒྱས་དང་འཕོ་འགྱུར་ལ་སྐུལ་མ་ཐེབས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་འགུལ་ནུས་བསྣན་ཡོད།

    ད་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་གི་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་མདུན་ལམ་ནི་ལས་རིགས་ཁག་གིས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་པར་དུ། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུར་འབད་བརྩོན་བྱེད་པར་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད་པས་དེའི་ཁྲོད་ནས་མཉམ་ལས་ཀྱི་གོ་སྐབས་གསར་པར་སྟངས་འཛིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་བ་དང་ས་ཁུལ་ཁག་གི་ཐོན་ཁུངས་རང་སྤུས་ཀྱི་ཁྱད་པར་རང་བཞིན་མངོན་གསལ་དོད་པས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་ས་ཁུལ་ཁག་གི་དོན་དངོས་གནས་ཚུལ་དང་འཚམ་པར་བྱས་ནས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་བཀོད་སྒྲིག་ཚན་རིག་དང་མཐུན་པ་བྱེད་པ། ཡུལ་བབ་དང་བསྟུན་པ་དང་གོམ་པ་རིམ་བགྲོད་བཅས་བྱས་ནས་ཚན་རྩལ་གསར་གཏོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཆེ་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་བར་བྱེད་དགོས། ཕུགས་ནས་བལྟས་ན། ཀྲུང་གོས་ཐོན་ལས་མི་འདྲ་བ་འཕེལ་རྒྱས་དོ་སྙོམས་འགྲོ་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད་པས་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་ཕན་པ་ཡོད་པ་དང་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་གོ་སྐབས་གཏོད་རྒྱུ་རེད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བརྒྱུད་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་པ་དང་ལས་རིགས་མང་པོ་ཞིག་གི་འཕེལ་རྒྱས་དང་འཕོ་འགྱུར་ལ་སྐུལ་མ་ཐེབས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་འགུལ་ནུས་བསྣན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད། མིག་སྔར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་60%ལས་བརྒལ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ལ་ཐད་ཀར་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ནས་ཐེ་ལན་དུ་རླངས་འཁོར་སྒྲིག་སྦྱོར་དང་། རླངས་འཁོར་གྱི་གློག་རྫས། ལྷུ་ལག་ཐོན་སྐྱེད་སོགས་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་བཙུགས་ཡོད། ཐེ་ལན་གྱི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞིར་གཞིགས་ན། 2023ལོར་ཐེ་ལན་གྱི་གློག་སྒུལ་འཁོར་རིགས་རྐྱང་པ་བྲིན་ཚད་ཁྲི་7.3ལས་བརྒལ་ཏེ་ལོ་གོང་མ་ལས་603.66%འཕར་བའི་ནང་མང་ཆེ་བ་ནི་ཀྲུང་གོས་ཐོན་སྐྱེད་བྱས་པའི་གློག་སྒུལ་རླངས་འཁོར་རེད། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐེ་ལན་གྱི་འགྲིམ་འགྲུལ་མ་ལག་ནང་ཞུགས་ནས་པང་ཁོག་གི་སུའུ་དབན་ནཱ་ཕུའུ་གནམ་ཐང་ལ་ཐེ་ལན་གྱི་ལྗང་མདོག་འགྲོ་སྐྱོད་ཀྱི་གནམ་ཐང་དང་པོ་དེ་བསྐྲུན་རོགས་བྱས་ཡོད། གཞན་ཡང་ཀྲུང་གོར་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་དང་། མིས་བཟོས་རིག་ནུས། ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་ཚང་མར་གསར་གཏོད་འཕེལ་རྒྱས་བྱུང་ནས་གོ་ལ་ཧྲིལ་པོའི་འབྲེལ་ཡོད་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།

    (རྩོམ་པ་པོ་ནི་ཐེ་ལན་གྱི་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།