དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བླ་ན་མེད་པའི་རྒྱལ་ཁབ་ས་ཆ་བསྲུངས། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན།

    —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-21

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། ཏང་གི་འོད་ཟེར་སྟོང་ལྡན་འཕྲོ་བའི་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་འབད་འབུངས་ཆེན་པོས་མདུན་དུ་སྐྱོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བས། མཐའ་མཚམས་ས་ཁུལ་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད།

    རྩ་སྲ་རྨང་བརྟན། 

    རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་དོན་གཉེར་བྱས་པ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་གྲོང་མི་སྒྲོལ་དཀར་གྱིས་གསལ་པོར་ངེས་གསལ་ལ། སྔོན་ཆད་ལོ་ཕྱེད་ཙམ་རིང་གངས་ཆེན་པོ་བབས་རྐྱེན་རི་རྒྱ་བསྡམས་ཀྱི་ཡོད་པས། ཁོང་དང་གཅུང་མོ་གཡང་འཛོམས་ཀྱིས་ཕ་སངས་རྒྱས་ཆོས་པ་དང་མཉམ་དུ་ཡུལ་སྨད་ནས་ཐོན་ཏེ་ཉིན་འགའ་ཤས་རིང་ལ་བརྒྱབ་ཀླུང་བརྒལ་གྱིས་ལེ་དབར་བརྒྱ་ཙམ་ཆོད་པའི་རྫོང་གྲོང་དུ་འཚོ་བའི་དངོས་ཟོག་བརྗེ་པོ་རྒྱག་པར་འགྲོ་དགོས་ཀྱི་ཡོད།

    གྲོང་མི་གཞན་དག་རྣམས་རི་མཐོ་པོའི་བཀག་རྒྱ་འཕྲད་པ་དང་འཚོ་བར་སྟབས་བདེ་མེད་པའི་དབང་གིས་གནས་སྤོས་བྱས། འོན་ཀྱང་ཕ་དང་བུ་མོ་གསུམ་པོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སྤྱི་ལེ་ངོས་གྲུ་1976ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱས་ཏེ། མེས་རྒྱལ་གྱི་ས་གཞི་དེའི་ཐོག་སྔ་ཕྱི་བར་གསུམ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།

    ད་ཆ་ཡུལ་སྨད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། སྣུམ་ནག་གཞུང་ལམ་གྲོང་ཚོར་ཤར་གཏོང་ཐུབ་པ་དང་། ཆུ་དང་། གློག འཕྲིན་གཏོང་། དྲ་རྒྱ་བཅས་ཤར་གཏོང་ཐུབ་པ། ཁང་པ་གསར་པ་བརྒྱབ་པ། དེས་མ་ཚད་མང་ཚོགས་དེ་བས་མང་བ་ས་ཆ་དེ་གར་གནས་སྤོ་བྱས་པས། ཡུལ་སྨད་འདི་ཉིད་འཁྲུག་ཆ་སྔར་བས་དོད་དུ་ཕྱིན་ནས་དུད་ཚང་1དང་མི་3ནས་དུད་ཚང་4དང་མི་21བར་དང་། དུད་ཚང་5དང་མི་22ནས་དུད་ཚང་9དང་མི་32བར་བཅས་ཀྱི་དེ་སྔའི“མི་གསུམ་ཤང”དུ་ད་ཆ་སྲིད་འཛིན་གྲོང་ཚོ་གཉིས་དང་རྒྱུན་སྡོད་དུད་ཚང་67དང་མི་245ཡོད་པ་རེད།

    “ད་ཆ་ལམ་བཟོས་ནས་ཤང་ནས་རྫོང་གྲོང་བར་ཉིན་གཅིག་ནང་འཁོར་གྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོས་བརྗོད། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་བསྟུན་ནས་རི་ལ་རི་བོ་དེ་ཉིད་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་བཀག་རྒྱ་ཞིག་གཏན་ནས་མིན་ལ། མཐའ་མཚམས་སྐོར་བའི་ལམ་བུ་དེ་ཡང་ཐག་རིང་པོ་ཞིག་གཏན་ནས་མིན། ཕྱུགས་འཚོའི་དཔུང་ཁག་དེའང་ཉིན་བཞིན་སྟོབས་ཆེར་ཕྱིན་ནས“ཁྱིམ་གཞིས་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད།

    དཔྱད་གཞི་ལས་མངོན་པར། བོད་ཀྱི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་ཀྱི་ཤང་དང་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་97%དང་87%སོ་སོར་ཟིན་པ། སྒྲིག་ཚུད་གྲོང་ཚོར་གློག་ཁྱབ་ཚད་དང་བུ་བཅོལ་ཁང་ཁྱབ་ཚད་96%དང་96.5%སོ་སོར་ཟིན་པ། ཤང་དང་གྲོང་རྡལ་གཙོ་བོ་ཚང་མར་གློག་དྲ་ཆེ་གྲས་སྦྲེལ་མཐུད་ཐུབ་པ་དང་། སྦྲག་སྲིད་དང་། དྲ་ཆེན། 4Gབཅས་ཀྱི་བརྡ་རྟགས་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། མཐའ་མཚམས་བདེ་སྡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་སྐུལ་མ་ནུས་ལྡན་ཐེབས་པ་རེད།

    གྲོང་གསེབ་ཡུལ་སྐོར།

    སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེས་རིག་གནས་ཡུལ་སྐོར་གྱིས་སྣེ་ཁྲིད་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1000བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ། གྲོང་ཚོའི་འགྲོ་ལམ་སྲ་བརྟན་དུ་བཏང་བ། གྲོང་ཚོའི་མཛེས་ལྗོངས་ལེགས་སུ་བཏང་བ། དམངས་སྲོལ་གནས་ཚང་བསྐྲུན་པ་སོགས་བྱས་པས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་གྲོང་རྡལ་འགྱེས་ཕུག་གྲོང་ཚོའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

    “གྲོང་ཚོའི་རྣམ་པ་སྔར་བས་མཛེས་སུ་ཕྱིན་པ” གྲོང་ཚོའི་འགྱུར་ལྡོག་ལས་གྲོང་མི་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “སྒྱུར་བཀོད་བྱས་པ་བརྒྱུད། གྲོང་ཚོའི‘བཙོག་ཟིང་ཞན་གསུམ’གྱི་རྣམ་པ་རྦད་དེ་ལེགས་སུ་ཕྱིན་པ་དང་། སྒོ་རའི་ཁོར་ཡུག་དང་གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་སྔོ་འགྱུར་དང་། མཛེས་བཟོ། གཙང་སྒྱུར་བཅས་བྱུང་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་19ཚང་མར‘ཡུལ་སྐོར་གྱི་ཡོང་འབབ’རག་ཡོད”

    ལོ་རེའི་ཟླ་5པ་ནས་10པ་བར་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་འགྱེས་ཕུག་གྲོང་ཚོར་ཡུལ་སྐོར་ལ་ཡོང་གི་ཡོད། དམངས་སྲོལ་གནས་ཚང་གི་འགན་འཁུར་བ་བསོད་ནམས་བུ་ཁྲིད་ཀྱིས་ཉིན་ལྟར་བྲེལ་བ་ཆེན་པོས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ཚོར“ཞིང་དུད་ཟ་ཁང”གི་ལྟོ་ཆས་གྲ་སྒྲིག་བྱེད་ཀྱི་ཡོད། “བཟའ་བཅའི་རྒྱུ་ཆ་ཚང་མ་ས་གནས་དེ་ག་ནས་ཐོན་པ་ཞིག་ཡིན་པས། ལྷད་མེད་ལ་སྦགས་བཙོག་ཀྱང་གཏན་ནས་མེད་པ་ཤ་སྟག་རེད། ཉེ་འགྲམ་གྱི་རི་སྟེང་ནས་བཀོག་པའི་གངས་ལྷ་མེ་ཏོག་དང་། ཨ་བྷི་ཁ། སྡོང་ཕུང་སོགས་རྩ་ཆེའི་སྨན་རྒྱུ་དག་རྟག་ཏུ་ཕྱིར་ཚོང་བྱས་པར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་གྱི་ཡོད”ཅེས་བསོད་ནམས་བུ་ཁྲིད་ཀྱིས་བརྗོད།

    འགྱེས་ཕུག་གྲོང་ཚོའི་སྔ་དེང་གི་འགྱུར་ལྡོག་ནི་བོད་ཀྱི་མཐའ་མཚམས་ཤང་དང་གྲོང་ཚོས“སྐྱེ་ཁམས་བཟང་པོར་བརྟེན་ནས་ཡུལ་སྐོར་བ་འགུག་ཐབས་བྱེད་པའི”གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མཐའ་མཚམས་འཛུགས་སྐྲུན་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས་མཐའ་མཚམས་ཀྱི་ཤང་དང་གྲོང་ཚོའི་ཡུལ་སྐོར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་དང་། གཞིས་རྩེ་གྲོང་ཁྱེར“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”བཀྲ་ཤིས་སྒང་ཤང་། ཉིང་ཁྲི་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་སོགས་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་མིང་བྱང་གསར་པ་ཧུར་ཐག་གཏོད་བཞིན་ཡོད་པས་ས་གནས་ཁག་གི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པའི་གནས་ཤིག་ཏུ་གྱུར་ཡོད།

    མཐའ་བརྟན་མཐའ་དར།

    སྡོད་ཁང་གསར་པར་སྤོས་ནས་ཁྱིམ་གཞིས་བསྲུངས་པ།

    2019ལོའི་རྒྱལ་སྟོན་གྱི་སྔ་ནུབ་ཏུ། མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་གནས་སྤོའི་མཛད་སྒོ་ཞིག་གཉེར་ཞིང་། དུད་ཚང་25ཡི་མང་ཚོགས་79རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ་རེད། རབ་ཏུ་འཕྲོ་བའི་ཉི་འོད་འོག་ཐོག་ཁར་ལྕགས་ཤོག་སྔོན་པོ་གཡོག་པ་དང་། གྱང་ལ་ཀ་རག་དཀར་པོ་བྱུགས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྒོ་ར་རང་འགྲིག་མའི་བོད་ཁང་25མངོན་གསལ་དེ་བས་དོད།

    “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་མཐའ་སྲུང་མང་ཚོགས་ལ་དམིགས་པའི་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་འདུག”ཅེས་ལོ་བདུན་ཅུ་ཙམ་ལ་སླེབས་པའི་མཐའ་མཚམས་སྲུང་མཁན་གྱི་འབྲོག་པ་དགྲ་འདུལ་གྱིས་བརྗོད་པ་དང་། ཁོང་གི་ངོས་ནས་བརྗོད་ན། དེ་སྔ་སྡོད་ཁང་གསར་པར་སྤོས་ནས་དེའི་ནང་སྡོད་རྒྱུ་ཡོང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། འོན་ཀྱང་ལོ་དེ་དག་རིང་རྡོ་རྩིག་བརྒྱབ་པའི“རབས་དང་པོའི”སྟབས་བདེའི་ཁང་པ་ནས་ད་བར་དགྲ་འདུལ་གྱིས་སྔ་རྗེས་སུ་ཁང་པ་གསར་པའི་ནང་ཐེངས་ལྔ་སྤོས་ཡོད། དེ་ཉིན་ཁོང་དང་ཁོང་གི་བུ་ཕྲུག་5ལ་སྡོད་ཁང་གསར་པ་6བགོ་བཤའ་རག་པ་དང་བུ་བཀྲ་ཤིས་དོན་གྲུབ་ཀྱི་སྡོད་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་150ཡོད།

    བདེ་མཆོག་གྲོང་ཚོ་ནི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་ཤིང་། ལོ་བཅུ་གྲངས་རིང་དེ་གའི་འབྲོག་པ་མི་རབས་ནས་མི་རབས་ཀྱིས་མཐའ་སྲུང་བྱ་སྤྱོད་རང་འགུལ་ངང་སྤེལ་བ་དང་འབྲེལ་དེ་ནི་སྲོལ་རྒྱུན་ཞིག་ཏུ་རིམ་བཞིན་གྱུར་ཡོད། དགྲ་འདུལ་གྱིས་གསལ་པོར་ངེས་གསལ་ལ། རང་ཉིད་ཕྲུ་གུའི་དུས་སུ་སྔོན་བྱོན་པ་ཚོའི་རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་བྱས་རྗེས་མི་ཉུང་བ་ཞིག་ཐོས་མྱོང་ཡོད། ཁོང་རང་ཉིད་ཀྱང་ལོ་བཅུ་གྲངས་རིང་ཕྱུགས་འཚོ་གྱིན་མཐའ་མཚམས་ལ་སྐོར་གཡེང་བྱེད་མཁན་ཞིག་ཡིན་པས་མཐའ་མཚམས་ལམ་ཐིག་གི་རི་ཀླུང་མང་པོར་ཁོང་གི་རྐང་རྗེས་བཞག་ཡོད།

    ད་ཆ་དགྲ་འདུལ་གྱི་རྐང་པ་ན་གཞོན་སྐབས་དང་བསྡུར་ཐབས་མེད་པས། མ་གཞི་རང་ཉིད་རྒྱུན་དུ་སྐོར་གཡེང་བྱེད་པར་འགྲོ་ཐུབ་ཀྱི་མེད། འོན་ཀྱང་བུ་བཀྲ་ཤིས་དོན་གྲུབ་དང་འདྲ་བའི་ན་གཞོན་ལས་བྱེད་པ་དང་མང་ཚོགས་དང་། ལྷག་པར་དུ། ན་གཞོན་མཐའ་སྲུང་སྐོར་ཞིབ་པ་དེ་བས་མང་བས་རྒན་རབས་ཚོའི་རྒྱུན་བསྐྱངས་ནས་མུ་མཐུད་རྒྱལ་ཁབ་ཀྱི་སྒོ་སྲུང་བའི་སྐོར་གཡེང་ལམ་བུར་སྐྱོད་པ་མཐོང་སྐབས་ཁོང་གི་སེམས་པ་ཧ་ཅང་བདེ་ལ་བློ་ཡིད་ཚིམ་པོ་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།