དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་བབ་དང་བསྟུན་ལེགས་ཆ་སྤེལ། ལྗང་མདོག་ལ་བརྟེན་འཕེལ་རྒྱས་བཏང་།

    —— ཆབ་མདོ་གྲོང་ཁྱེར་གྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གྱི་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་ངར་ཤུགས་བསྒྲིམས་ནས་རིམ་པས་ལྗང་མདོག་འཕེལ་རྒྱས་བཏང་ཞིང་། ན་ནིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་334.04ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་45190དང་སྒོར་17941ཟིན་ཏེ་6.5%དང་9.8%སོ་སོར་འཕར་ཡོད།

    ལེགས་ཆ་གསབ་རེས་ཀྱིས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་བྱེད་པོ་འཐུས་ཚང་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་མཉམ་འགུལ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་དེ་ཆབ་མདོའི་ཁུལ་གསར་དང་། སྨར་ཁམས་ཐོན་ལས་གླིང་། ཁྲུང་ཆིང་དང་ཆབ་མདོའི་ཐོན་ལས་གླིང་། སྟེང་ཆེན་གླིང་ཁུལ། འདན་ཁོག་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གླིང་། རྔུལ་ཤོད་དེང་རབས་ཞིང་ལས་ཐོན་ལས་གླིང་བཅས་དམིགས་བསལ་ཁྱད་ཆོས་ལྡན་པའི་གླིང་ཁུལ་ཆེན་པོ་དྲུག་ཆགས་ཡོད།

    དེ་དང་ཆབས་ཅིག ས་ཁོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་ལམ་འབྲེལ་ཐག་ཏུ་བྱས་ཏེ་ཁ་རུབ་དང་། བྲག་གཡབ། རི་བོ་ཆེ་བཅས་ལྟེ་བར་བྱས་པའི“ཆུ་ཚོད་གཅིག་གི་དཔལ་འབྱོར་འཁོར་རྒྱའི”རྣམ་པ་བཏོད་དེ། “ཤར་རྒྱུད་ནུས་རྒྱུ་དང་། ལྷོ་རྒྱུད་རིག་གནས་ཡུལ་སྐོར། ནུབ་རྒྱུད་འབྲུ་མཛོད”བཅས་ཀྱི་ཁྱད་ལྡན་བྱེད་ནུས་ཡུག་ཁུལ་ཆེན་པོ་གསུམ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    གཞན་ཡང་། ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ས་མཐོའི་ལྗང་མདོག་བཟོ་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། རིག་གནས་དང་ཡུལ་སྐོར་གྱི་ལུས་གསོའི་ཐོན་ལས། ཁྱད་ལྡན་ཞིང་འབྲོག་ཐོན་ལས། ཚོང་དོན་ཟོག་འགྲེམས་ཐོན་ལས་བཅས་ལས་གྲུབ་པའི་དེང་རབས་ཅན་གྱི་ཁྱད་ལྡན་ཐོན་ལས་མ་ལག་ཅིག་ཆགས་ཡོད།

    ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཞིང་འབྲོག་ཐོན་ལས་བཏོད་པ།

    ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ཏེ་འཕེལ་རྒྱས་དོན་གཉེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་བཏོད་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཁུལ་ཁག་གཅིག་རིམ་བཞིན་གྲུབ་ཡོད།

    ཆབ་མདོར་ཁྱབ་སྤེལ་བཏང་བའི་བོད་ནས་ཨང་2000པ་དང་། བོད་ནས་ཨང་3000པ་སོགས་ཀྱི་འདེབས་ཁྱོན་མུའུ་ཁྲི་56ཡན་དང་། ཐོན་འབབ་ཏུན་ཁྲི་16.62ཡན་བརྟན་པོར་གནས་ཐུབ་པར་བྱས་ཡོད།

    དེ་གའི་ནས་ལ་སྤྲི་དཀར་མང་བ་དང་། ཚི་སྣའི་འདུས་ཚད་མཐོ་བ། འཚོ་བཅུད་ཆེ་བ། ཞག་ཚི་དང་མངར་ཆ་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། མང་ཚོགས་ཀྱིས་དགའ་པོ་བྱེད་པ་མ་ཟད། ཆང་འབྲུ་ཡག་ཤོས་ཤིག་ཏུའང་གྱུར་ཡོད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་བོད་ཤར་རྒྱུད་ཀྱི་རྩྭ་ཐང་དུ་གོ་འཇོའི་འབྲོག་པས་ལུག་གསོ་བའི་གོམས་གཤིས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། ད་ཆ་ཨ་དབང་ལུག་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་ཕྱིན་ནས་གོ་འཇོ་རྫོང་གི་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་པ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཏེ་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།

    རྡོར་མགོན་གྱི་ཁྱིམ་ནི་གོ་འཇོ་རྫོང་ཨ་དབང་ཤང་གི་ལུག་གསོ་ཚགས་དུད་ཆེན་ཞིག་ཡིན་པ་དང་། ཁོང་གིས་ཨ་དབང་ལུག་1300ལྷག་ཙམ་གསོས་ཡོད། “སྲིད་གཞུང་གིས་ང་ཚོར་དེང་རབབས་ཅན་གྱི་གསོ་ཚགས་ལག་རྩལ་བསླབས་ནས་གྲོང་ཚོའི་ཡུལ་མི་མང་པོར་ཨ་དབང་ལུག་འཚོ་རུ་བཅུག་པས་འཚོ་བ་ཡག་ཏུ་ཕྱིན་སོང”ཞེས་རྡོར་མགོན་གྱིས་བཤད།

    དྭངས་གཙང་ཐཱན་ཉུང་གིས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་སྦྱིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་ཆུ་དང་། རླུང་། འོད་ཤུགས་བཅས་ཀྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ནུས་རྒྱུ་གཙང་མ་དེ་གཙོ་ཁྲིད་ལེགས་ཆའི་ཐོན་ལས་ཆེན་པོ་གསུམ་གྱི་གྲས་སུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་བོད་ཤར་རྒྱུད་ཀྱི་རྒྱབ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞི་ཧུར་ཐག་བཏོད་ཅིང་། བོད་ཤར་ལྷོའི་ཆུ་དང་། རླུང་། འོད་ཤུགས་བཅས་ཀྱི་གསོག་ནུས་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྗེས། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི10535(ཆུ་འཐེན་ནས་གློག་ཆན་ཝ་ཁྲི་1000གསོག་ཐུབ་པ་ཚུད)ཟིན་པ་དང་། ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2300ཟིན་ནས་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱིས་བོད་ཤར་གྱི་ས་གཞི་ཆེན་པོར་བཀྲག་མདངས་བསྣན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་ཞིག་བཀོད་ངེས་རེད།

    དུས་རབས་གསར་པའི་ཆབ་མདོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་འཕེལ་རྒྱས་གཏོང་སྟངས་གཏིང་ཟབ་བསྒྱུར་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་བསྐྱོད་དང་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།