དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གམ་པ་རྫོང་གམ་པ་གྲོང་རྡལ་ཞོལ་གྲོང་ཚོས།

    བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་བ།

    དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏའེ་ལིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

    ཉི་འོད་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་ཞོལ་གྲོང་ཚོའི་ས་གཞི་ཆེ་མོར་འཕྲོ་སྐབས། ལུས་ལ་པགས་ཚག་གྱོན་དང་ངོ་གདོང་ཅུང་སྨུག་པའི་བཀྲ་ཤིས་རྡོ་རྗེས་རྒྱུན་གཏན་བཞིན་ལུག་ཚང་སྒོ་ཕྱེ་མ་ཐག་འབའ་སྒྲ་དང་བསྟུན་ནས་ལུག་ཁྱུ་ལུག་ཚང་ནས་འཚང་ཁ་ཤིག་ཤིག་ངང་ཐོན།

    ལོ་49ལ་སླེབས་པའི་བཀྲ་ཤིས་རྡོ་རྗེ་ནི་ཞོལ་གྲོང་ཚོའི་རྩྭ་ཆུ་བཟང་བའི་ལུག་གསོ་མཉམ་ལས་ཁང་གི་ལུག་རྫི་བ་རེད། “ན་ནིང་མཉམ་ལས་ཁང་གི་བགོ་འགྲེམས་ལས་ང་ལ་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་བས། གྲོང་ཚོ་ཡོངས་ནས་མཐོ་ཤོས་རེད། ངའི་ཁྱིམ་གྱི་འབབ་ཁུངས་ཕྱེད་ཀ་མཉམ་ལས་ཁང་ནས་ཡོང་གི་ཡོད”ཅེས་བཀྲ་ཤིས་རྡོ་རྗེས་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་མཉམ་ལས་ཁང་ཡག་པའི་སྐོར་གླེང་།

    སྔོན་མ་བཀྲ་ཤིས་རྡོ་རྗེས་རང་ཁྱིམ་གྱི་ལུག་200ལྷག་ཙམ་འཚོ་ཡི་ཡོད། ལུག་མང་པོ་མེད་རུང་། ལུ་གུ་སྐྱེ་ལེན་གསོ་སྐྱོང་དང་ཕྱིར་ཚོང་སོགས་ཀྱི་ལས་བྲེལ་ཆེ་བས་མི་གཅིག་གིས་གཏན་ནས་ཚར་གྱི་མེད། འོན་ཀྱང་ད་ཆ་ཁོང་གིས་མཉམ་ལས་ཁང་གི་ལུག་600ལྷག་ཙམ་འཚོ་དགོས་ཀྱང་དཀའ་ལས་ཁག་པའི་སྣང་བ་མེད། མཉམ་ལས་ཁང་གི་ཚན་རིག་དང་མཐུན་ཞིང་གཞི་ཁྱོན་ལྡན་པའི་གསོ་ཚགས་བྱེད་ཐབས་ལས་ལས་ཕྱོད་དང་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། གྲོང་ཚོའི་ངལ་ནུས་ལྷག་མར་བཅིངས་འགྲོལ་བཏང་ཡོད།

    “ཚང་མས་ལུག་མཉམ་ལས་ཁང་ལ་རྩིས་སྤྲད་དེ་ཉེ་འཁོར་དུ་གླ་པ་རྒྱུག་པས་ཡོང་འབབ་མང་པོ་རག་གི་ཡོད”ཅེས་བཀྲ་ཤིས་རྡོ་རྗེས་བཤད།

    “ལུག་ཡག་པོ་ཡོད་རུང་། སྔོན་མ་དུད་ཚང་ཁག་གི་སྲོལ་རྒྱུན་འབྲོག་ལས་གཉེར་སྐྱོང་བྱེད་ཐབས་ལ་ཕན་འབྲས་དེ་ཙམ་ཐོན་གྱི་མེད”ཅེས་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་བསོད་ནམས་ཀྱིས་བཤད། ཁོང་གིས་2019ལོར་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག ཞོལ་གྲོང་ཚོས་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བསམ་ཕྱོགས་སྒྱུར་ནས་ལུག་གསོ་མཉམ་ལས་ཁང་བཙུགས་པ་མ་ཟད། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གམ་པའི་ལུག་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཅེས་བཤད།

    ཐོག་མར་གྲོང་མི་མང་ཆེ་བ་མཉམ་ལས་ཁང་ནང་ཞུགས་འདོད་བྱེད་ཀྱི་མེད། འོན་ཀྱང་ཁེ་བཟང་ཡོད་པ་མཐོང་རྗེས། 2022ལོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་107ཚང་མ་མཉམ་ལས་ཁང་ནང་ཞུགས་པ་རེད། ད་ཆ་མཉམ་ལས་ཁང་གི་ཐོ་འགོད་མ་རྩ་སྒོར་ཁྲི་380ཟིན་ཡོད་པ་རེད།

    མཉམ་ལས་ཁང་གི་ལས་འཛིན་ཀྲང་དབང་འདུས་ཀྱིས་2020ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་35བྱུང་བ་དང་བགོ་འགྲེམས་སྒོར་ཁྲི་25བརྒྱབ་པ། 2021ལོར་ཡོང་འབབ་སྒོར་ཁྲི་50བྱུང་བ་དང་བགོ་འགྲེམས་སྒོར་ཁྲི་44བརྒྱབ་པ། 2022ལོར་ཡོང་འབབ་སྒོར་ཁྲི་146.25བྱུང་བ་དང་བགོ་འགྲེམས་སྒོར་ཁྲི་111.8བརྒྱབ་ཡོད་ཅེས་བཤད།

    ཞོལ་གྲོང་ཚོའི་གམ་པའི་ལུག་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པའི་རྒྱབ་ཏུ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གི་སེམས་ནུས་དང་རྔུལ་ཆུ་འདུས་ཡོད། མཉམ་ལས་ཁང་གི་འཕེལ་རྒྱས་དེ་བྱུང་ཐེངས་གཅིག་ལ་བྱུང་བ་ཞིག་མིན། ཚན་རིག་དང་མཐུན་པའི་གསོ་ཚགས་བྱས་པ་བརྒྱུད་མཉམ་ལས་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་མོད། འོན་ཀྱང་ཚོང་ལམ་དེ་ཐོན་ལས་འཕེལ་རྒྱས་དང་ཕན་འབྲས་ཆེ་རུ་གཏོང་བའི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད།

    གམ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞོལ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བ་བཟང་པོས། བྲིན་ཚོང་ཞབས་ཞུ་ལྟེ་གནས་ལ་ཚོང་ཁང་ཡོད་པ་མ་ཟད། ད་དུང་གྲང་མཛོད་ཁང་ཡོད་པས་དེའི་ནང་ཤ་གཏུབ་པ་དང་། འཐག་པ། རླུང་མེད་ཐུམ་སྒྲིལ་སོགས་འབྲེལ་ཡོད་སྒྲིག་ཆས་ཀྱང་ཡོད་ཅེས་བཤད་བྱུང་།

    “གོམ་སྟབས་རྗེས་མར། ང་ཚོས་ད་དུང་དྲ་ཐོག་ཚོང་ཁང་དང་། དྲ་སྦྲེལ+དྲ་ཐོག་ཐད་གཏོང་། དྲ་ཐོག་ཟོག་ཚོང་སོགས་ཀྱི་བྱེད་ཐབས་གསར་པར་བརྟེན་ནས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་དང་མཉམ་ལས་ཁང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཅེས་བཤད་པ་དང་། ཁོང་གིས་ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཟིན་པ་དང་གམ་པའི་ལུག་ལ་བརྟེན་ནས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།