དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སློབ་གྲྭར་འགྲོ་ཐུབ་པ་དང་སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱུང་བ།

    —— སྐལ་བཟང་ཁྱིམ་གྱི་བཀྲ་ཤིས་པའི་བྱ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

    “རྨོ་བོ་ལགས། ཉེ་ཆར་ཁྱེད་རང་སྐུ་གཟུགས་གང་འདྲ་འདུག་གམ། ང་ཀྲུའུ་ཧའེ་རུ་གང་ཅིའི་ཐད་ཡག་པོ་ཡོད”

    “ང་གཟུགས་པོ་ཐང་པོ་ཡིན། བུ་རང་སློབ་སྦྱོང་ཡག་པོ་གྱིས་ཨང”

    ཟླ་3ཚེས་10ཉིན་ནི་གཟའ་མཇུག་ཡིན་པས་ཆུ་ཚོད་11ཙམ་ལ། མཚོ་ནག་མཚོའི་ཉེ་འགྲམ་གྱི་ཞིང་པའི་སྒོ་ར་ཆུང་ཆུང་ཞིག་ཏུ་ལོ་77ལ་སླེབས་པའི་རྒན་མོ་སྐལ་བཟང་གིས་ཇ་བསྲུབས་མ་འཐུང་ཞོར་དུ་ཀྲུའུ་ཧའེ་རུ་སློབ་གྲྭ་འགྲིམ་བཞིན་པའི་ཚ་མོ་བཅོ་ལྔ་དང་ལག་ཐོགས་ཁ་པར་སྤྱད་དེ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཡོད། རྨོ་བོ་ལགས་དང་ཚ་མོ་གཉིས་ཀྱི་དྲོ་སྐྱིད་ལྡན་པའི་གླེང་མོ་དང་སྤྲོ་སྣང་ལྡན་པའི་དགོད་སྒྲ་ལས་དཔྱིད་འགོའི་བྱང་ཐང་དུ་དྲོ་སོབ་སོབ་ཀྱི་སྤྲོ་སྣང་ཞིག་བསྣན།

    གསར་འགོད་པ་སྒོ་ཁར་སླེབས་པ་མཐོང་སྐབས། སྐལ་བཟང་གིས་འཕྲལ་མར་ཡར་ལངས་ནས་གསར་འགོད་པར་སྣེ་ལེན་ཞུས།

    “རྨོ་བོ་ལགས། དུས་ཚོད་རིང་པོ་ཞིག་ཐུག་མ་བྱུང”

    “རེད་དེ། དུས་ཚོད་རིང་པོ་ཐུག་མ་བྱུང་། དེ་གོང་ང་ཚོ་འཕྲད་སྐབས་ཚ་མོ་བཅོ་ལྔ་བོད་ལྗོངས་འཛིན་གྲྭའི་ཡིག་རྒྱུགས་ཀྱི་གྲ་སྒྲིག་བྱེད་པའི་སྒང་རེད”

    “ད་ཆའི་ཕྲུ་གུ་རྣམས་དངོས་འབྲེལ་སྐྱིད་པོ་རེད། དེ་ནི་དུས་རབས་ཡག་པོའི་རྗེས་ཟིན་པས་རེད། སློབ་གྲྭར་འགྲོ་ཐུབ་པ་དང་སློབ་གྲྭ་ཡག་པོར་འགྲོ་ཐུབ་སོང”ཞེས་བརྙན་ལམ་ནས་གྲུང་རིལ་རིལ་གྱི་ཚ་མོ་མཐོང་སྐབས་སྐལ་བཟང་གི་ངོ་གདོང་ནས་སྔར་བས་འཛུམ་མདངས་འཕྱུར།

    རང་ཉིད་ཀྱི་ཚ་བོ་དང་ཚ་མོ་སློབ་གྲྭ་འགྲིམ་རྒྱུ་ཡོད་པ་མ་ཟད། ད་དུང་སློབ་གྲྭ་ཆེ་མོ་བ་ཞིག་ཏུ་གྱུར་ནས་ལྗོངས་ཕྱིར་སློབ་གྲྭ་འགྲིམ་རྒྱུ་ཡོང་བསམ་པ་ལོ་65ཡི་གོང་དུ་སྐལ་བཟང་གི་བསམ་བློར་ཡང་འཁོར་མྱོང་མེད།

    “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་དུ་སློབ་གསོ་ནི་སྐུ་དྲག་ལ་མ་གཏོགས་ལོངས་སྤྱོད་བྱ་རྒྱུ་མེད་པའི་དམིགས་བསལ་གྱི་དབང་ཆ་ཞིག་རེད། སྐུ་དྲག་གི་བུ་ཕྲུག་ཡིན་ན་གཞི་ནས་སློབ་གྲྭ་འགྲིམ་པའི་དབང་ཆ་ཡོད། ཞིང་བྲན་གྱི་ཕྲུ་གུ་ཡིན་པའི་ང་ཚོ་ཉིན་ལྟར་ལུག་འཚོ་བ་དང་ངལ་རྩོལ་ཁོ་ན་བྱ་རྒྱུ་ལས་མ་འདས། སློབ་གྲྭ་འགྲིམ་རྒྱུ་ནི་བསམ་མི་ཕོད་པའི་བྱ་བ་ཞིག་རེད”ཅེས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་སྐབས་སྐལ་བཟང་གི་སྐད་ཆའི་ཁྲོད་སྐྱོ་སྣང་ཞིག་ངང་གིས་མངོན།

    1959ལོར། ཏང་ཀྲུང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བས། སྐལ་བཟང་ཁྱིམ་ལ་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་བྱུང་ཡོད། 

    ལོ་དེར་སྐལ་བཟང་གི་ཁྱིམ་ལ་འབྲི་གཡག་མགོ་གྲངས་4བགོ་བཤའ་རག་པས་དུས་དེ་ནས་བཟུང་ལྟོ་གོས་ལ་སེམས་ཁྲལ་བྱུང་མེད། ལོ་དེར་ལོ་12ལ་སླེབས་པའི་སྐལ་བཟང་སློབ་གྲྭར་བསྐྱོད་རྒྱུ་བྱུང་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་སློབ་གྲྭར་སྐྱོད་མཁན་སློབ་མ་ཁག་དང་པོར་གྱུར། “སློབ་གྲྭར་ཕྱིན་ནས་དགུ་ཟླ་ཤེས་པ་མ་ཟད། བོད་ཡིག་ཐ་སྙད་ཐར་ཐོར་འབྲི་ཐུབ་པ་བྱུང་ཡོད། དགེ་རྒན་ཚོས་ང་ཚོ་སོ་སོའི་ཕྲུ་གུ་ལྟ་བུར་བརྩིས་ནས་ཡི་གེ་འབྲི་སྟངས་དང་རིག་གནས་ཤེས་བྱ་དམར་ཁྲིད་གནང་བྱུང”“རྒན་ལགས་ཀྱི་ཞལ་ནས་པེ་ཅིང་དང་། ལྕགས་རི་རིང་པོ། གནམ་བདེ་སྒོ་མོ་ཆེ་སོགས་ཀྱི་ཐ་སྙད་མང་དག་ཐེངས་དང་པོ་རྣ་བར་ཐོས། སྐབས་དེ་དུས་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་ཕྱིས་སུ་པེ་ཅིང་དུ་བསྐྱོད་རྒྱུའི་བསམ་བློ་འཁོར་བྱུང”ཞེས་སྐལ་བཟང་གིས་སློབ་གྲྭ་འགྲིམ་པའི་ལོ་ཟླར་དྲན་གསོ་བྱེད་བཞིན་བརྗོད།

    འོན་ཀྱང་ལོ་ན་ཆུང་བའི་ཁོང་གི་རྐང་པར་གྲུམ་བུའི་ནད་ཕོག་ནས་མུ་མཐུད་སློབ་གྲྭར་འགྲོ་ཐབས་བྲལ་བ་དང་། ལོ་གསུམ་སོང་རྗེས་ལོ་15ལ་སླེབས་པའི་སྐལ་བཟང་སློབ་གྲྭར་འགྲོ་མཚམས་བཞག་ནས་ཁྱིམ་དུ་མ་ལོག་དཀའ་མེད་དུ་གྱུར། མ་གཞི་ལོ་བཅུ་ཕྲག་ཁ་ཤས་སོང་ཡང་འདས་ཟིན་པའི་གནས་ཚུལ་སྐོར་གླེང་སྐབས་རྒན་མོའི་མིག་ལམ་དུ་སྔར་བཞིན་སློབ་གྲྭ་དང་བྲལ་མི་ཕོད་པའི་རྣམ་པ་ཞིག་མངོན།

    ལོ་65ཡི་གནམ་ས་བླ་འོག་ཏུ་འགྱུར་བའི་འཕོ་འགྱུར་ཁྲོད་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པས་བོད་ཀྱི་སློབ་གསོས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ་སྟེ། 2012ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་སློབ་བྱོལ་གྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱུང་ནས་སློབ་དུས་ཧྲིལ་པོའི་སློབ་མའི་རོགས་སྐྱོར་མ་ལག་བཙུགས་པ་དང་རོགས་སྐྱོར་བྱེད་ཁོངས་དེ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར་ཁྱབ་ཡོད་པ་རེད། 2012ལོ་ནས་2022ལོའི་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་བོད་ཀྱི་སློབ་གསོར་འགྲོ་གྲོན་སྒོར་དུང་ཕྱུར་2515.06བཏང་བ་དང་། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3409ཡོད་པ། སློབ་གྲྭར་འགྲིམ་མུས་ཀྱི་སློབ་མ་ཁྲི་94.4ལྷག་ཙམ་ཡོད་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་89.52%ཟིན་པ། འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་97.73%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་91.07%ཟིན་ཡོད་པ་རེད།

    བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་པའི་སྐལ་བཟང་གི་ཁྱིམ་དུ་གཏམ་བཟང་ཡང་ཡང་གྲགས།

    2018ལོར་སྐལ་བཟང་གི་ཚ་མོ་རྒན་པ་སྐལ་བཟང་མིག་འཛོམས་མེ་འཁོར་ལ་བསྡད་དེ་མཚོ་ནག་ནས་ཐོན་ཏེ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཆུང་སློབ་གསོའི་ཆེད་ལས་ཀྱི་སློབ་མར་གྱུར་ཞིང་། ཁོང་གི་ཁྱིམ་རྒྱུད་ནས་སློབ་གྲྭ་ཆེ་མོ་བ་དང་པོར་གྱུར།

    2019ལོར་སྐལ་བཟང་གི་ཚ་མོ་གཞོན་པ་བཅོ་ལྔ་བདེ་བླག་ངང་ཡིག་རྒྱུགས་འཕྲོད་ནས་ཀྲུའུ་ཧའེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་མ་ཞིག་ཏུ་གྱུར།

    2022ལོར་སྐལ་བཟང་གི་ཚ་བོ་རྒན་པ་མིག་དམར་བོད་ལྗོངས་སློབ་ཆེན་དུ་ཚུད་ནས་སློབ་གྲྭ་དེའི་སྔོན་འགོག་གསོ་རིག་ཆེད་ལས་ཀྱི་སློབ་མར་གྱུར་ཡོད།

    ད་ཆ་ཕྲུ་གུ་ཚོའི་འབྱུང་འགྱུར་ཐད་ལོ་77ལ་སླེབས་པའི་སྐལ་བཟང་ལ་རང་ཉིད་ཀྱི་འཆར་གཞི་ཞིག་ཡོད་པ་སྟེ། སློབ་མཐར་ཕྱིན་རྗེས་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། “ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་ཐུབ་པ་དང་སློབ་གྲྭ་ཡག་པོར་འགྲོ་ཐུབ་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པ་དེ་ང་ཚོས་རྩ་བ་ནས་བརྗེད་མི་རུང”

    “དོན་དག་ཆུང་ཙག་ཡིན་རུང་། རྨོ་བོ་ལགས་ཀྱིས་ང་ལ་བློ་རྩེ་གཅིག་འགྲིམས་ཀྱིས་བསྒྲུབ་དགོས་པ་མ་ཟད། ད་དུང་ཡག་པོ་བསྒྲུབ་དགོས་པའི་རེ་བ་བཏོན་གནང་གི་ཡོད”ཅེས་སྐལ་བཟང་མིག་འཛོམས་ཀྱིས་བརྗོད་པ་དང་། ད་ཆ་སྐལ་བཟང་གི་ཚ་མོ་རྒན་པ་སྐལ་བཟང་མིག་འཛོམས་ནི་སེའུ་ཤང་མ་མོ་བཞུས་ནག་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་ཞིག་ཡིན་པ་དང་། གཙོ་བོ་ཤང་གི་ཏང་འཛུགས་སྐྱོང་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ལས་ཀའི་འགན་ཁུར་གྱི་ཡོད། ལས་ཀ་རྙོག་དྲ་ཆེན་པོ་ཡོད་མོད་འོན་ཀྱང་ཁོ་མོས་ཚང་མ་ཧྲ་ཏག་ཏག་བྱེད་ཀྱི་ཡོད་པས་ལས་རོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    “སློབ་གྲྭར་འགྲོ་དུས་ངས་སློབ་སྦྱོང་ཡག་པོ་བྱས་ཏེ་སློབ་གྲྭ་ཐོན་རྗེས་སྔོན་འགོག་གསོ་རིག་ཤེས་ལྡན་པ་ཕུལ་བྱུང་ཞིག་ཏུ་གྱུར་པར་བྱས་ནས། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཚ་བོ་མིག་དམར་གྱིས་མིག་ནང་གདེང་ཚོད་ཀྱིས་ཁེངས་བཞིན་རྨོ་བོ་ལགས་ཀྱི་ལག་ནས་འཇུས་ཏེ་བརྗོད།

    “ང་རང་སློབ་གྲྭར་འགྲོ་སྐབས་ཆེད་ལས་ཀྱི་སློབ་གྲྭ་ཞིག་མེད། ད་ཆ་བོད་དུ་འཛུགས་སྐྲུན་དང་སྒྲིག་ཆས་ཆ་ཚང་ཤོས་ནི་སློབ་གྲྭ་ཡིན་པས། སློབ་གྲྭར་འགྲོ་ཐུབ་པ་དང་སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱུང་སོང”ཞེས་སྐལ་བཟང་གིས་བརྗོད་པ་དང་། ཁོང་གིས་ལག་ཐོགས་ཁ་པར་ཁ་ཕྱེ་ནས་ཁོང་དང་ཚ་བོ་དང་ཚ་མོ་གསུམ་གྱིས་བོད་ལྗོངས་སློབ་ཆེན་གྱི་སྒོ་འགྲམ་དུ་བརྒྱབ་པའི་པར་བསྟན། པར་ནང་ཁོང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྐྱིད་སྣང་ཤིན་ཏུ་དོད། “ད་ཆ་ཞིང་འབྲོག་པའི་ཕྲུ་གུ་སློབ་གྲྭར་སྐྱོད་སྐབས‘འགན་ལེན་གསུམ’ཡོད་པ་དང་སློབ་གྲྭར་འགྲོ་དུས་ཀྱི་ཉལ་ཆས་ཀྱང་སློབ་གྲྭས་སྤྲོད་ཀྱི་ཡོད། ཐ་ན་ཁྱིམ་བདག་གིས་སོ་འཁྲུ་དང་སོ་སྨན་ཡང་ཉོ་དགོས་ཀྱི་མེད་པས་དངོས་གནས་སྐྱིད་པོ་རེད”ཅེས་སྐལ་བཟང་གིས་གསར་འགོད་པར་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་རིང་ཐོབ་པའི་གཟི་བརྗིད་མཚན་སྙན་རེ་རེ་བཞིན་སྟོན་གྱིན་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་གླེང་བཞིན་འདུག

    སྐལ་བཟང་ལ་སློབ་གསོ་མྱོང་བའི་བསྐལ་བ་བཟང་པོ་ཐོབ་པ་ལས་ལོ་བཅུ་གྲངས་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས་མཚོན་ཡོད། འདི་ལས་ང་ཚོས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་ཡག་ཐོག་ཡག་བརྩེགས་དང་། མེད་པ་ནས་ཡོད་པ། ཉམས་ཞན་ནས་སྟོབས་ཆེར་ཕྱིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མཐོང་བྱུང་ལ། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་བརྟན་པོའི་ངང་བཙུགས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་དང་ལེན་གྱི་དབང་ཆར་འགན་ལེན་གང་ལེགས་ཐུབ་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།