དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛད་སྤྱོད་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    —— རང་ལྗོངས་ཀྱི་ས་གནས་ཁག་གིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    རང་ལྗོངས་ཀྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་སྟངས་ངོ་སྤྲོད་བྱེད་པ་དང་། ཅ་དངོས་རྫུས་མ་དབྱེ་འབྱེད་བྱེད་སྟངས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་རྒྱག་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་བཅས་བྱེད་བཞིན་པ།

    ཟླ་3ཚེས་15ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་སྡེ་ཚན་མང་པོས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་མེ་ཟོན་དཔོན་དམག་གིས་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    “ཨ་ཅག མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་དབྱར་རྩྭ་དགུན་འབུ་གཉིས་ལ་ཁྱད་པར་འདི་དག་ཡོད་པ་སྟེ། རི་སྐྱེས་དབྱར་རྩྭ་དགུན་འབུའི་མཇིང་པར་ཐིག་རིས་ཡོད་ལ་གྲོད་པའི་ངོས་སུ་རྐང་ལག་ཆ་བཞི་ཡོད”ཅེས་ཚེས་15ཉིན་རང་ལྗོངས་ཀྱིས་གཉེར་བའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཞིབ་དཔྱད་ཁང་གི་ལས་དོན་པ་དབང་ཕྱུག་གིས་གྲོང་མི་བུད་མེད་ལིའུ་ལགས་ལ་དེ་ལྟར་ངོ་སྤྲོད་ཁ་གསལ་བྱས།

    ཐེངས་འདིའི་གཅིག་སྡུད་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་གཉེར་ཞིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚན་པ་60ལྷག་ཙམ་དང་འབྲེལ་ཡོད་ཁེ་ལས་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ལས་དོན་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས་བཅའ་ཁྲིམས་ཁྱབ་གདལ་བཏང་བ་དང་། མང་ཚོགས་ཀྱི་དྲི་བར་ལན་བཏབ་པ། ས་གནས་ས་ཐོག་ཏུ་ཞིབ་དཔྱད་ཚད་ལེན་བྱས་པ། མང་ཚོགས་ལ་ཚན་རིག་དང་མཐུན་པའི་འཛད་སྤྱོད་ཀྱི་འདུ་ཤེས་འཛུགས་རོགས་བྱས་ནས་རང་ཉིད་ཀྱི་ཁེ་དབང་སྲུང་ནུས་ཆེ་རུ་བཏང་བ་དང་ཆབས་ཅིག གཉེར་སྐྱོང་བྱེད་པོས་ཡིད་རྟོན་གཉེར་སྐྱོང་བྱེད་པའི་འབོད་སྐུལ་བྱས་ནས་འཛད་སྤྱོད་དྲང་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་15ཉིན་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་། ཚོང་དོན་ཐིང་། རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་ད་དུང“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཉམ་དུ་འཚོགས་ཤིང་། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གིས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད། ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་གྱིས་ད་དུང་འཛད་སྤྱོད་འཛིན་ཤོག་སྤྲད་ནས་བྱེད་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་དང་དེ་བཞིན་སྣེ་གདོང་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ“3·15”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་47དང་ལས་དོན་པ་226གིས་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་དང་ཅ་དངོས་རྫུས་མ་དབྱེ་འབྱེད་བྱེད་སྟངས་བསླབས་པ་རེད། དེ་དང་ཆབས་ཅིག་བྱེད་སྒོའི་མཉམ་འགུལ་རང་བཞིན་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་ཆེད། ད་དུང་སྣ་ཁ་80ལྷག་ཙམ་ཟིན་པའི་དྲིལ་བསྒྲགས་དངོས་རྫས་ཁྱོན་བསྡོམས་8760ལྷག་ཙམ་སྤྲད་པ་རེད།

    མངའ་རིས་ས་ཁུལ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཅིང་། བྱེད་སྒོ་སྤེལ་རིང་རྣམ་པ་སྣ་ཚོགས་བརྒྱུད་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། དཔེ་མཚོན་གྱོད་དཔེ་དྲངས་ནས་འཛད་སྤྱོད་པར་དྲིལ་བསྒྲགས་རྫུས་མ་དང་། “གསུམ་མེད་ཐོན་རྫས”ཕྱིར་ཚོང་། འཛད་སྤྱོད་བྱེད་རྒྱུའི་མགོ་སྐོར་གཏོང་བ་སོགས་ཀྱི་རྒྱུན་སྤྱོད་གཡོ་ཐབས་ལ་འགྲེལ་བཤད་བརྒྱབ་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་ཚོང་པ་གཡོ་ཅན་གྱི་སྒྲིག་འགལ་གཉེར་སྐྱོང་བྱ་ཐབས་དང་དེར་ཁ་གཏད་གཅོག་ཐབས་གཙོ་བོར་རྒྱུས་ལོན་ཐུབ་པར་བྱས་པ་རེད། གཞན་ཡང་། ས་གནས་ས་ཐོག་ཏུ་ཉེ་དུས་གཞུང་བཞེས་བཏང་བའི་ཁྲིམས་འགལ་ཚོང་ཟོག་གཅིག་སྡུད་ཐོག་མེད་པར་བཟོས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་སྒྱུར་མི་སྣ་མི་ཐེངས་129བཏང་སྟེ། ས་གནས་ས་ཐོག་ཏུ་འཛད་སྤྱོད་ཞུ་གཏུག་9བདག་སྤྲོད་དང་བློ་འདྲི་359བྱས་པ་དང་། བཟའ་བཅར་ཞིབ་དཔྱད་ཚད་ལེན་ཁག་ཐེངས་39བྱས་པ་ཚང་མའི་ཚད་གཞི་ལོན་པ། ས་གནས་ས་ཐོག་ཏུ་རྒྱ་མ་396ལ་ཚད་འཇལ་ཞིབ་བཤེར་བྱས་པ། མི་69ལ་གཅེས་སེམས་འོས་འགན་སྨན་བཅོས་བྱས་པ། ཡུལ་དེ་གའི་ཁེ་ལས་ལ་འགྲེམས་ཚོང་བྱ་ཡུལ་10མཁོ་འདོན་བྱས་པ་དང་གཉེར་སྐྱོང་བྱེད་པོར་ལོར་ཚོང་དུད་690ལྷག་ཙམ་ཐོ་འགོད་རོགས་བྱས་པ་མ་ཟད། ད་དུང་ཅ་དངོས་ལ་སྐྱོན་ཡོད་ཚེ་ཉིན་བདུན་ནང་ཚུན་དུ་ཆ་རྐྱེན་གང་ཡང་མེད་པར་ཕྱིར་སློག་མཁན་དྲ་ཕྱིའམ་དངོས་གཞིའི་ཚོང་ཁང་10ལ་སྒོ་བྱང་སྤྲད་པ་རེད།

    ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་12315ཡི་སྐོར་སྐྱོད་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ས་ཚིགས་བཙུགས་ནས་ཉེན་བརྡའི་གློག་བརྙན་སྟོན་པ་དང་། འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དྲིལ་བསྒྲགས་བྱས་ཁར། ས་གནས་ས་ཐོག་ཏུ་མང་ཚོགས་ཚོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གནད་དོན་ལ་ལན་བཏབ་པ་རེད། བྱེད་སྒོ་སྤེལ་རིང་མང་ཚོགས་མི་ཐེངས་500ལྷག་ཙམ་ལ་ཁྱོན་དྲིལ་བསྒྲགས་མཁོ་ཆས་3000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་4000ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་རིན་ཐང་སྒོར་ཁྲི་7.8ལྷག་ཙམ་རི་བའི་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་སྣ་ཁ་40ལྷག་ཙམ་མེད་པར་བཟོས་པ་རེད། དེ་དང་ཆབས་ཅིག་ཆེད་དོན་འཐེན་བཤེར་ཞིབ་བཤེར་གྱི་ཁྲིམས་སྒྱུར་བྱས་ཏེ། གཉེར་སྐྱོང་བྱེད་པོ་50ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་དག་ཐེར་ཡོ་བསྲང་གི་བརྡ་ཐོ་3བཏང་ཞིང་། ད་ཆ་དག་ཐེར་ཡོ་བསྲང་བྱས་ཟིན་པ་རེད།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དྲ་ཐོག་ལྟ་འདོམས་ཁྲུའི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་དབྱངས་སྐྱིད་དབང་མོས“དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ང་ཚོས་རྒྱ་ཆེའི་འཛད་སྤྱོད་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་འཛད་སྤྱོད་པས་སྐྱོན་བྲལ་འཛད་སྤྱོད་དང་ཚུལ་མཐུན་འཛད་སྤྱོད་བྱེད་རྒྱུ་དར་སྤེལ་བཏང་ཡོད། སླད་ཕྱིན་ལས་དོན་སྒྲུབ་སྐབས་ང་ཚོས་འཛད་སྤྱོད་པས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ། ཁྲིམས་འཛིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།