དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱིས་པ་རྣམས་ལ་སྣ་མང་ཕུན་སུམ་ཚོགས་པའི་བྱིས་དུས་ཀྱི་འཚོ་བ་བཏོད་པ།

    —— ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས“བྱིས་པའི་ཁྱིམ་གཞིས”བསྐྲུན་པའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    དཔྱིད་འགོ་ཚུགས་ཟིན་ཡང་། ས་བབ་མཐོ་ཚད་སྨི་5000ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་ཤེ་སྒེར་ཤང་ལུག་པོ་གྲོང་ཚོར་རྩྭ་ཐང་སྔར་བཞིན་སྐྱ་ཐེར་ཐེར་དུ་གནས། འོན་ཀྱང་ལུག་པོ་གྲོང་ཚོའི་ཏང་དམངས་བྱེད་སྒོའི་ལྟེ་གནས་སུ་དམིགས་བསལ་གྱི་ཁང་པ་ཞིག་ཡོད་པ་དེའི་ནང་རྒྱུན་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

    ཁང་པ་དེ་ནི་ནག་ཆུ་གྲོང་ཁྱེར་ཤེ་སྒེར་ཤང་ལུག་པོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གི་ལས་དོན་རུ་ཁག་གིས་ཆེད་མངགས་བཀོད་སྒྲིག་བྱས་པའི“བྱིས་པའི་ཁྱིམ་གཞིས”རེད། “བྱིས་པའི་ཁྱིམ་གཞིས”གི་གྱང་ངོས་སུ་འགུལ་རིས་སྣ་ཚོགས་ཀྱིས་མཛེས་རྒྱན་སྤྲས་ཡོད་པ་དང་ས་ངོས་སུ་སྲོག་ཆགས་ཆུང་ཆུང་གི་རི་མོ་བཀོད་པའི་ལྗང་མདོག་གི་པང་གཅལ་བཏིང་ཡོད་པ་མ་ཟད། ཚོན་ཁྲ་ཅན་གྱི་སྒྲོག་ཙེ་དང་རྐུབ་སྟེགས་དང་། ཤིང་རྩེག་རྩེད་ཆས། ཤུད་སྐས་ཆུང་ཆུང་། ཤིང་རྟ་སོགས་རྩེད་ཆས་སྣ་ཚོགས་ཀྱང་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲའོ་ཅ་ཆིང་གིས་རང་ཁྱིམ་ནས་ཁྱེར་ཡོང་བའི་རྩེད་ཆས“ཕག་ཕྲུག་ཕེ་ཆི”གྲོགས་པོ་ཆུང་ཆུང་ཚོར་སྟོན་སྐབས། ཚང་མས་དགའ་ཚོར་ཆེན་པོས་སྐད་བརྒྱབ་པ་དང་ལག་ཏུ་རག་དུས་དེ་བས་དགའ་ཐག་ཆོད།

    ཀྲའོ་ཅ་ཆིང་གིས། ཕྲུ་གུ་ནི་ཁྱིམ་ཚང་གི་རེ་བ་དང་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་རེད། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་ནུས་ལྡན་པའི་ཆ་རྐྱེན་བསྐྲུན་རྒྱུ་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ཅེས་བཤད། གྲོང་སྡོད་ལས་དོན་རུ་ཁག་གིས་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱེད་སྐབས་འགྲིམ་འགྲུལ་དང་ལམ་ཐག་སོགས་ཀྱིས་རྐྱེན་པས་གྲོང་ཚོའི་གྲོགས་པོ་ཆུང་ཆུང་མང་པོ་ཞིག་བུ་བཅོལ་ཁང་དུ་བསྐྱོད་པར་སྟབས་བདེ་མེད་པའམ་ཡང་ན་བུ་བཅོལ་ཁང་དུ་ཞུགས་འགོར་བ་སོགས་ཀྱི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་ཁོང་ཚོས་གྲོང་ཚོའི“ཨུ་ལྷན་གཉིས”དང་འབྲེལ་གཏུག་བྱས་རྗེས་ལུག་པོ་གྲོང་ཚོར“བྱིས་པའི་ཁྱིམ་གཞིས”བསྐྲུན་ནས་བྱིས་པའི་འཚར་ལོངས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐག་བཅད།

    “བྱིས་པའི་ཁྱིམ་གཞིས”བསྐྲུན་ཟིན་རྗེས་ཉིན་ལྟར་གྲོགས་པོ་ཆུང་ཆུང་མང་པོ་དེར་རྩེད་མོ་རྩེ་བར་ཡོང་གི་ཡོད། ཁོང་ཚོར་ཐང་གཏན་ནས་ཆད་རྒྱུ་མེད་ཅིང་། སྐབས་འགར་ཤུད་སྐས་ཐོག་ཏུ་འཛེགས་པ་དང་། ཡང་སྐབས་འགར་ཤིང་རྟར་བཞོན་གྱི་ཡོད། དངོས་ནས་དཀའ་ལས་ཁག་དུས་ཅོག་ཙེ་ཆུང་ཆུང་གི་མདུན་དུ་བསྡད་ནས་ཤིང་རྩེག་རྩེད་ཆས་སྒྲིག་པ་སོགས་བྱས་ནས་སྡད་པ་རེད།

    “བྱིས་པའི་ཁྱིམ་གཞིས”ནང་ཕྲུ་གུ་མང་པོ་ཡོད་པ་ཕུད། ད་དུང་སྒོ་འགྲམ་དུ་རྟག་ཏུ་ཁྱིམ་བདག་གིས་ཁེངས་ཤིང་། ཁོང་ཚོས་དགའ་སྤྲོ་ཆེན་པོས་རང་ཉིད་ཀྱི་ཕྲུ་གུ་རྩེད་མོ་རྩེད་བར་ལྟ་བཞིན་དུ་བདེ་འཇགས་ཐད་གཟབ་གཟབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    “དུས་རྒྱུན་ཕྲུ་གུ་ཚོར་རྩེད་ཆས་མང་པོ་མེད་པ་དང་ད་དུང་ཕྱིར་ལྷགས་པ་ཆེན་པོ་ཡོད་པས་ཕྱིར་གཏོང་ཕོད་ཀྱི་མི་འདུག ད་ཆ་གྲོང་ཚོར‘བྱིས་པའི་ཁྱིམ་གཞིས’ཡོད་པ་དང་དེའི་ནང་ཕྲུ་གུ་ཚོ་དགའ་ཚོར་ཆེན་པོས་རྩེད་མོ་རྩེད་པ་མཐོང་སྐབས་ང་ཚོའང་ཧ་ཅང་དགའ་པོ་འདུག ཕྲུ་གུ་ཚོའི་བྱིས་དུས་འཚོ་བ་སྣ་མང་ཕུན་སུམ་ཚོགས་པོ་ཡོང་རེ་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་དང་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོགས་པོ་ཆུང་ཆུང་གུ་རུ་སྐྱིད་ཀྱི་ཕ་དངོས་གྲུབ་རྡོ་རྗེས་གསར་འགོད་པར་བཤད།

    “‘བྱིས་པའི་ཁྱིམ་གཞིས’ནང་ད་དུང་ཡི་གེ་སྦྱོང་བ་དང་། རི་མོ། ཨང་རྩིས་སོགས་སློབ་ཁྲིད་ཀྱི་ནུས་པ་ལྡན་པའི་ཡོ་བྱད་ཡོད་པས། གྲོང་ཚོའི་ཕྲུ་གུ་ཚོ་བུ་བཅོལ་ཁང་གི་ཁོར་ཡུག་ནང་སྔར་བས་མཉམ་འདྲེས་ལེགས་པོ་ཐུབ་རྒྱུར་ཕན་ཐོགས་ཡོད”ཅེས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཐུབ་བསྟན་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས།

    “ང་ཤུད་སྐས་རྩེ་རྒྱུར་ཧ་ཅང་དགའ་པོ་ཡོད”ཅེས་ལོ་དྲུག་ལ་སླེབས་པའི་ཚེ་རིང་དབང་ཕྱུག་གིས་དགའ་ཚོར་ཆེན་པོས་བཤད།

    ཚེ་རིང་དབང་ཕྱུག་ནི་ཕྲུ་གུའི་ཁྲོད་ཀྱི་ལོ་ན་ཅུང་ཆེ་བ་ཞིག་རེད། ཁོ་པ་ཤུད་སྐས་རྩེ་རྒྱུར་དགའ་པོ་ཡོད་པ་ཕུད། ད་དུང་བུ་མང་པོ་དང་འདྲ་བར་ལན་ཆིའུ་སྤོ་ལོ་རྩེ་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད། དེར་བརྟེན་ནང་མིས་སྒོ་རའི་ནང་རྒྱུག་པ་དང་འགྱིག་ཤོག་གིས་ཚེ་རིང་དབང་ཕྱུག་ལ་སྟབས་བདེའི་སྤོ་ལོ་བླུགས་ས་བཟོས་ཡོད་པས་ཉེ་འགྲམ་གྱི་ཕྲུ་གུ་ཚང་མ་དེར་སྤོ་ལོ་རྒྱག་པར་ཡོང་རྒྱུར་དགའ་པོ་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་གྲོང་ཚོའི་ནང་གི་ཕྲུ་གུ་མང་པོར“ལན་ཆིའུ་སྤོ་ལོའི་ཕུགས་འདུན”ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོས་བསྡུར་བྱས་ནས་གྲོང་ཚོར་ལན་ཆིའུ་སྤོ་ལོའི་སྒྲོམ་དང་ལན་ཆིའུ་སྤོ་ལོ་ཉོས་ནས་ཕྲུ་གུ་ཚོའི“ལན་ཆིའུ་སྤོ་ལོའི་ཕུགས་འདུན”མངོན་འགྱུར་བྱེད་རོགས་བྱས་པ་དང་ཆབས་ཅིག ད་དུང་མང་ཚོགས་ཚོ་ལུས་རྩལ་སྦྱོང་བརྡར་ནང་མང་ཙམ་ཞུགས་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།