དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་ཀྱི་དཔལ་ཡོན་བཞད། དཔྱིད་རྨོད་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོར་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོག་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོའི་སོན་མས་སོན་གཏོར་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་མང་ཚོགས་ཚོས་དགའ་བའི་འཛུམ་མདངས་འཕྱུར་བཞིན་གཉའ་གཅོག་མཛད་སྒོར་ཞུགས་པ།

    འདི་ནི་མང་ཚོགས་ཀྱིས་ཕུད་གཏོར་བྱེད་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁྲི་ཁང་གྲོང་ཚོར་གཉའ་གཅོག་གི་མཛད་སྒོ་འཚོག་བཞིན་པ།

    བོད་ཀྱི་སྲོལ་རྒྱུན་གྱི་སོ་ནམ་ལུགས་སྲོལ་ལྟར་ན། འདི་ལོའི་ཟླ་3ཚེས་16ཉིན་ལ་བོད་ཟླ་2ཚེས་7ཉིན་འཁེལ་བ་དང་། ཉིན་དེར་སྨན་རྩིས་ཁང་གི་ལོ་ཐོའི་ནང་ཟོར་ཐོང་འཛོམས་པ་འཁོད་པས་རྨོན་གཉའ་བཅག་ན་ལོ་ལེགས་ཡོང་བར་བསྟན། དེར་བརྟེན་ས་མཐོའི་ས་གནས་ཁག་གིས་རྨོན་གཉའ་གཅོག་པའི་མཛད་སྒོ་ཕུན་སུམ་ཚོགས་པོ་གཉེར་བ་རེད།

    ཟླ་3ཚེས་16ཉིན་གྱི་ཐོ་རེངས་སུ། གངས་ལྗོངས་ས་མཐོའི་ཉི་ཟེར་ཐོག་མ་ས་འཛིན་ལ་འཕྲོས་མ་ཐག མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོས་འདི་ལོའི་རྨོན་གཉའ་གཅོག་པའི་མཛད་སྒོ་བསུ་ལ་བྲེལ།

    ཞོགས་པ་སྔ་པོ་ནས་ཡུལ་མི་ཚོས་མགོ་ལ་ཚེ་རིང་སྐྱིན་ཁེབས་གྱོན་པ་དང་ལུས་ལ་སྣམ་ཆས་སྤྲས་ཤིང་ལག་ཏུ་ཁ་བཏགས་ཁྱེར་བ་དང་རྒྱབ་ཏུ་རང་ཁྱིམ་གྱི་ནས་ཆང་མངར་མོ་ཁུར་ཏེ་ལམ་བར་དགའ་སྤྲོས་ཁེངས་བཞིན་ཞིང་ནང་དུ་བསྐྱོད་ནས་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོག་རྒྱུར་བསྒུགས་ནས་བསྡད།

    རྨོན་གཉའ་གཅོག་པའི་མཛད་སྒོ་འཚོག་ཡུལ་དུ་ཡུལ་མི་ཚོས་ནས་ཆང་ཕན་ཚུན་བཀྱག་པ་དང་ཁ་བཏགས་གཡོག་རེས་དང་། གླུ་ལེན་གར་འཁྲབ་བྱེད་པ་བཅས་ལས་ཞིང་ནང་དང་མུ་ཁར་འཁྲུག་ཆ་ཧ་ཅང་དོད་པར་གྱུར་ཏེ་དཔྱིད་འགོའི་ས་མཐོར་མཛེས་ལྗོངས་གསར་པ་ཞིག་མངོན། 

    རྨོན་གཉའ་གཅོག་པའི་མཛད་སྒོར་ཡུལ་མི་རྣམས་ཀྱིས་རང་ཁྱིམ་གྱི་གླང་གོག་ཐོ་ཕྲུག་གི་རྗེས་སུ་ཁྲིད་འོང་ནས་རེ་བའི་ཞིང་སར་ས་རྒོལ་འཕྲུ་སློག་བྱེད་ཅིང་། དེ་ནས་བུད་མེད་ཚོས་སྨོན་འདུན་བཟང་པོ་མཚོན་པའི་སོན་གཏོར་ཏེ་ལོ་ཧྲིལ་པོར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་རྟག་ཏུ་ཡོང་བའི་སྨོན་འདུན་ཞུས་ཡོད།

    སྟག་རྩེ་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཚོགས་ཆུང་བཞི་པའི་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོག་ཡུལ་དུ། ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་ལག་ཏུ་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་དཀར་གཙང་གི་མཇལ་དར་དང་། གྲོ་སོ་ཕྱེ་མར། སོན་ཁྱེར་ནས་སྲོལ་རྒྱུན་གྱི“སྐྱེས་པས་ཞིང་རྨོ་བ་དང་བུད་མེད་ཀྱིས་སོན་བཤོས”ཏེ། མཉམ་དུ་སྨོན་འདུན་བཟང་པོ་མཚོན་པའི་གླུ་ལེན་པ་དང་སྲོལ་རྒྱུན་གྱི་སྒོར་གཞས་འཁྲབ་ཏེ་རེ་བའི་ས་བོན་ཞིང་ས་གཤིན་པོར་བཤོས་ཡོད།

    མཛད་སྒོའི་ཐོག་སྟག་རྩེ་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས། ཤང(གྲོང་རྡལ)ཁག་དང་མཉམ་དུ་2024ལོའི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ནས་2024ལོའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དམིགས་ཚད་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

    2023ལོར་ཕྱིར་མིག་ལྟ་སྐབས། སྟག་རྩེ་ཆུས་ཀྱི་ཞིང་འབྲོག་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མི་རྣམས་དགའ་བ་སྐྱེ་འོས་པ་བྱུང་ཞིང་། འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་6.02དང་ཐོན་འབབ་ཏུན་ཁྲི་2.532ཟིན་པ་དང་། ནས་འདེབས་ཁྱོན་མུའུ་ཁྲི་2.75དང་ཐོན་འབབ་ཏུན་ཁྲི་1.0864ཟིན་པ། པད་ཁ་འདེབས་ཁྱོན་མུའུ་ཁྲི་0.4ཟིན་པ་བཅས་ཕྱོགས་ཁག་གི་དམིགས་ཚད་ཚང་མ་སྔོན་དཔག་ལས་ཆེས་ཆེར་བརྒལ་ཡོད། དེ་དང་ཆབས་ཅིག་སྔོ་ཚལ་འདེབས་ཁྱོན་དང་ཐོན་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གཡུར་ཟའི་གྲུབ་འབྲས་འདི་དག་གིས་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་འཚོ་བ་ལེགས་སུ་འགྲོ་བར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།

    2024ལོར་སྟག་རྩེ་ཆུས་ཀྱིས་སྔོན་དཔག་བྱས་ན་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་5.77དང་འབྲུ་རིགས་ཐོན་འབབ་ཏུན་ཁྲི་2.47ཟིན་པ་དང་། ནས་འདེབས་ཁྱོན་མུའུ་ཁྲི་2.72དང་ནས་ཐོན་འབབ་མུའུ་ཁྲི་1.08 པད་ཁ་འདེབས་ཁྱོན་དང་ཐོན་འབབ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱ་རྒྱུ་རེད།

    མིག་སྔར། སྟག་རྩེ་ཆུས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། དཔྱིད་འདེབས་ས་བོན་ཉོ་སྒྲུབ་དབོར་འདྲེན་དང་། ཞིང་པའི་ཁྱིམ་ལུད་གསོག་པའི་ལས་དོན་ལེགས་གྲུབ་ཟིན་ནས་ས་བོན་རྒྱ་མ་ཁྲི་6.9དབོར་བ་དང་། ཞིང་པའི་ཁྱིམ་ལུད་ཏུན་ཁྲི་15བསགས་ཡོད། རྫས་ལུད་དང་། ཞིང་སྨན། ཞིང་འཕྲུལ་སོགས་ཀྱི་དངོས་ཟོག་ཉོ་སྒྲུབ་དང་ཉམས་བཟོ་བདག་སྐྱོང་གི་ལས་དོན་ཡང་མཉམ་དུ་སྤེལ་བཞིན་ཡོད།

    འདི་ལོར་སྲོལ་རྒྱུན་གྱི་རྨོན་གཉའ་གཅོག་པའི་མཛད་སྒོ་གཉེར་བ་ཕུད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་ཞིང་འདེབས་དམངས་སྲོལ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་གཙོ་བོར་སྐུལ་འདེད་བཏང་ཞིང་། ཚར་པ་ནང་གྲོང་ཚོའི་ལྷ་མོའི་རུ་ཁག་གིས་ཡུལ་སྐོར་བར་ཁ་བཏགས་གཡོག་པ་དང་། གླུ་ལེན་པ། དཔྱིད་འདེབས་ཀྱི་དམངས་སྲོལ་རིག་གནས་ཤོད་པ་བཅས་བྱས་པ་མ་ཟད། ཡུལ་སྐོར་བར་བོད་ཆས་གཡོགས་ནས་ཐོ་ཕྲུག་ལ་བསྐྱོན་ཏེ་སོན་གཤོ་རུ་བཅུག་པ་དང་། མཇུག་ཏུ་མཉམ་དུ་སྒོར་གཞས་འཁྲབ་ནས་མཛད་སྒོ་གཟབ་རྒྱས་ལ་རྟེན་འབྲེལ་ཞུ་གི་ཡོད།

    ཟླ་3ཚེས་16ཉིན་གྱི་ཞོགས་པ་སྔ་པོར་འཕྲུལ་འཁོར་གྱི་ལྡིར་སྒྲས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁྲི་ཁང་གྲོང་ཚོའི་དགུན་དུས་ཀྱི་ཁུ་སིམ་དེ་དལ་གྱིས་དཀྲོག་ནས་ས་རྒོལ་འཕྲུ་སློག་ལས་ས་དྲི་སྣུམ་པོ་ཞིག་ཁ་ཞིང་། “ལྕགས་གླང”ཞིང་ཐང་དུ་གྲལ་བསྒྲིགས་ཏེ་རིམ་པས་སྐོར་བ་བརྒྱབ་ནས་ས་ཞིང་རྨོ་བ་དང་། ཡུལ་མི་ཚོས་རིམ་བཞིན་ས་ཞིང་རྨོ་བ་དང་། སོན་གཤོ་བ། ཆུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་སྲོལ་རྒྱུན་གྱོན་ཆས་གྱོན་ནས་གླུ་ལེན་གར་འཁྲབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དེང་རབས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཟངས་རི་རྫོང་གི་འབྲུ་རིགས་འདེབས་ཁྱོན་གྱི་དམིགས་ཚད་ལས་འགན་མུའུ་19640ཟིན་པ་བྱ་རྒྱུ་དང་། རིམ་པ་གཉིས་པའི་སོན་བཟང་ཞིང་ཁའི་རྒྱ་ཁྱོན་མུའུ་1000འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་ནང་མིག་སྔར་མུའུ་5640བཏབ་ཟིན་ཡོད།

    སྔ་དྲོའི་ཆུ་ཚོད་11ཙམ་ལ། ལུས་ལ་གཟབ་མཆོར་སྤྲས་པའི་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་ཡུལ་མི་ཚོ་ཞིང་ཐང་དུ་འཛོམས་ནས་རྨོན་པར་མཇལ་དར་གཡོག་པ་དང་ནས་ཆང་དང་གསོལ་ཇ་བཀྱག་ཅིང་། དེ་ནས་ཡུལ་མི་ཚོས་ཐོང་གཤོལ་ཁྱེར་བ་དང་། རྨོན་མཛོ་ཁྲིད་པ། ཐོ་ཕྲུག་དང་རྨོ་འདེབས་འཕྲུལ་འཁོར་གཏོང་བ་སོགས་བྱས་ནས་ཞིང་ཁར་བསྐྱོད་དེ། དཔྱིད་འདེབས་འགོ་བཙུགས་འཕྲལ་བུད་མེད་རྣམས་རྗེས་སུ་བསྐྱོད་ནས་རེ་བའི་ས་བོན་བཤོས་ཏེ་ལོ་ལེགས་ཡོང་བའི་གླུ་དབྱངས་ལེན་བཞིན་ཡོད།

    མོན་མཁར་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས། “ལོ་བཅུ་གྲངས་གོང་། ང་ཚོའི་གྲོང་ཚོས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་འགོ་བཙུགས་ནས་ད་ཆ་ཞིང་ལས་འཕྲུལ་ཆས་ཅན་གྲོང་ཚོ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། གྲོང་ཚོ་ཡོངས་ལ་རྨོ་འདེབས་ཆོག་པའི་ཞིང་ཁ་མུའུ་1000ལྷག་ཙམ་ཟིན་པ་དང་ཞིང་འཕྲུལ་གཏོང་མཁན་དག་ཕན་ཚུན་རམ་འདེགས་བྱས་ཏེ་ཉིན་བདུན་ནང་ཚང་མ་རྨོས་ཚར་གྱི་ཡོད་པས། ལས་ཕྱོད་ཧ་ཅང་ཆེ་བ་མ་ཟད། འབྲུ་རིགས་ཐོན་འབོར་ཡང་མང་དུ་ཤུགས་ཆེན་ཕྱིན་ཡོད”

    ད་ཆ་དེང་རབས་ཅན་དང་ཡོངས་སུ་རང་འགུལ་ཅན་གྱི་ཞིང་འཕྲུལ་གྱིས་སྔ་ས་ནས་ཕྱུགས་ཟོག་དང་མི་ཤུགས་ལ་བརྟེན་པའི་ཞིང་རྨོ་སྟངས་ཚབ་བྱས་ཟིན་རུང་། མོན་མཁར་རོང་གྲོང་ཚོའི་ཡུལ་མིས་ད་དུང་སྲོལ་རྒྱུན་གྱི་གཉའ་གཅོག་གོམས་སྲོལ་རྒྱུད་འཛིན་བྱེད་བཞིན་མཆིས།

    བྱེད་སྒོ་དངོས་སུ་འགོ་ཚུགས་སྐབས། རྒད་པོས་སྐད་གསང་མཐོན་པོས་སྨོན་ཚིག་སྒྲོན་པ་དང་སྦྲགས། ཤ་ཤེད་བཟང་བའི་རྨོན་མཛོ་རེ་རེར་རྔ་དམར་འདོགས་པ་དང་། རྭ་ཅོར་ཁ་བཏགས་གཡོགས་པ། ཚོན་མདོག་སྣ་ལྔའི་གཞུག་སྤྲུག་འདོགས་པ་བཅས་བྱས་ནས་སྲོལ་རྒྱུན་གྱི“རྨོན་པ་དོར་བསྡེབས”ཀྱི་ཐོང་གཤོལ་དྲུད་པ་དང་རྨིག་པས་ས་བརྐོ་བའི་ཚ་ཚ་འུར་འུར་གྱི་རྣམ་པས་ཉེ་འཁོར་མང་ཚོགས་སྲོལ་རྒྱུན་གྱི་གཉའ་གཅོག་མཛད་སྒོར་ལྟ་བར་འོང་བའི་ཡིད་དབང་བཀུག་ཡོད།

    དེ་རྗེས། འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་ཆབས་ཅིག མང་ཚོགས་ཀྱིས་ཐོ་ཕྲུག་ཆུང་ངུ་དང་རྨོ་འདེབས་འཕྲུལ་འཁོར་ཆེན་པོ་སོགས་ཞིང་ཁར་བཏང་འོང་ནས་ཐོང་གཤོལ་ཞིང་སར་བཙུགས་ནས་འཕྲལ་དུ་སོན་གཤོ་ཡི་ཡོད།

    འཕྲུལ་ཆས་ཀྱི་རྨོ་འདེབས་གྲུབ་རྗེས་ཡུལ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཞིང་ཁར་ཡོང་སྟེ་ཐོང་གཤོལ་གྱིས་མུ་མཐུད་ས་ཞིང་རྨོད་ནས་སྲོལ་རྒྱུན་གྱི་རྨོ་འདེབས་ལས་ལ་གཞོལ། མཛད་སྒོ་ཚང་མ་མཇུག་འགྲིལ་རྗེས་ཡུལ་མི་ཚོ་མཉམ་དུ་འཛོམས་ནས་ཞིམ་མངར་ལྡན་པའི་ནས་ཆང་འཐུང་བ་དང་སྒོར་གཞས་འཁྲབ་ཏེ་གང་སར་དགོད་སྒྲས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།