དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ན་ནིང་བོད་ཀྱིས་འཛད་སྤྱོད་པར་སྒོར་ཁྲི་1455ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    ཟླ་3ཚེས་15ཉིན། “3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཡུ་ཐོག་ལམ་དུ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཚེས་15ཉིན། གསར་འགོད་པས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་ཡོངས་བསྒྲགས་ཐིང་གིས་འཚོགས་པའི“3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2023ལོར་རང་ལྗོངས་ཀྱིས་བློ་བདེའི་འཛད་སྤྱོད་འཛུགས་གཏོད་དང་། ཁེ་དབང་སྲུང་སྐྱོང་གི་མྱོང་ཚོར་ལེགས་གཏོང་། འཛད་སྤྱོད་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། འཛད་སྤྱོད་པར་སྒོར་ཁྲི་1455.85ཡི་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱས་པ་མ་ཟད། མང་ཚོགས་ཀྱི་ཉོ་ཕོད་པ་དང་ཉོ་འདོད་པའི་གདེང་ཚོད་ཆེ་རུ་གཏོང་བར་འགན་ལེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བློ་བདེའི་འཛད་སྤྱོད་འཛུགས་གཏོད་དེ་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བློ་བདེའི་འཛད་སྤྱོད་འཛུགས་གཏོད་ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་འཛད་སྤྱོད་པའི་བློ་འདྲི་དང་ཞུ་གཏུག་ཐེར་འདོན་ཁག་ཁྲི་6.56བདག་སྤྲོད་དང་ཐག་གཅོད་བྱས་པ་མ་ཟད། ཞུ་གཏུག་དང་ཐེར་འདོན་གོང་ཞུ་ཐག་གཅོད་བྱེད་ཚད་95.3%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འཛད་སྤྱོད་ཞུ་གཏུག་ཐག་གཅོད་ཀྱི་འཕྲིན་ཐུང་འཐེན་བཤེར་ལས་དོན་ཁྲོད་བོད་ཀྱི་བློ་ཡིད་ཚིམ་ཚད་92.59%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་2024ལོའི་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱི“འཛད་སྤྱོད་པའི་གསོན་ཤུགས་འཕེལ་བར་བྱེད་པའི”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་རྒྱུ་དམིགས་ཚད་དུ་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་མཉམ་བཅོས་མཉམ་ཤུགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་མཉམ་འབྲེལ་ཚོགས་འདུའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཆེད་དོན་སྐུལ་འདེད་ཚོགས་ཆུང་གི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་པ། བློ་བདེའི་འཛད་སྤྱོད་འཛུགས་གཏོད་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་ཁྲོམ་ར་དར་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་སྤྱི་འདོམས་འཆར་འགོད་དུ་བྱེད་པ། མུ་མཐུད་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་12315ཁྲོམ་ར་ལྟ་འདོམས་ཀྱི་ཞུ་གཏུག་ཐད་སྦྲེལ་ཁ་པར་སྦྲེལ་མཐུད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་རྣམ་པ་བཟང་པོ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།