དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་ལ་དྲོ་སོབ་སོབ་ཀྱི་བདེ་སྐྱིད་ཚོར་སྣང་སྦྱིན་པ།

    —— ལྷུན་རྩེ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་གཏོང་རྣམ་གྲངས་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    “ང་ཚོའི་ཁྱིམ་གྱི་དྲོད་ལེན་སྒྲོག་ཙེ་སྤྱོད་མཚམས་བཞག་པ་ཡིན། དགུན་དུས་སླར་ཡང་རྡོ་སོལ་ཐབ་སྤྱོད་དགོས་མེད་ལ་རྡོ་སོལ་ཐལ་བ་ཡང་འདོན་དགོས་ཀྱི་མི་འདུག”ཅེས་གུང་གཞོན་སྡེ་ཚོགས་ལྷུན་རྩེ་རྫོང་ཨུད་ཀྱི་ལས་བྱེད་པ་ཚེ་རིང་ལྷ་མོས་དགའ་ཚོར་ཆེན་པོས་གསར་འགོད་པར་ངོ་སྤྲོད་བྱས། ཁོང་གིས་གཅིག་སྡུད་ཐོག་དྲོད་གཏོང་འགོ་ཚུགས་རྗེས། ཁང་པའི་ནང་འཛུལ་མ་ཐག་དྲོ་སོབ་སོབ་འདུག་ལ། ཁྱིམ་དུ་ཕྱི་གོས་མཐུག་པོ་གྱོན་མི་དགོས་པས་སྟབས་བདེ་པོ་འདུག་ཅེས་བཤད།

    ལྷུན་རྩེ་རྫོང་ནི་ཧི་མ་ལ་ཡའི་རི་ཁུལ་དུ་གནས་ཤིང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པས། དགུན་དུས་རིང་ལ་གནམ་གཤིས་ཧ་ཅང་གྲང་མོ་ཡོད། དེ་སྔོན་ལས་བྱེད་པ་དང་མང་ཚོགས་ཚོས་རྡོ་སོལ་ཐབ་དང་གློག་ཐབ་སོགས་ལ་བརྟེན་ནས་དྲོད་ལེན་གྱི་ཡོད་པ་དང་ལོ་ཕྱེད་ལྷག་ཙམ་རིང་རྡོ་སོལ་བསྲེགས་དགོས་པས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་བ་མ་ཟད། འགྲོ་གྲོན་ཡང་ཆེན་པོ་ཡོད།

    2022ལོར་རྫོང་དེས་བརྟག་ཞིབ་གཏིང་ཟབ་དང་མཐིལ་རྟོགས་ཞིབ་ཚགས་བྱས་རྗེས། རྫོང་གྲོང་དུ་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ལག་བསྟར་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་དྲོད་ལེན་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐག་བཅད་པ་རེད།

    ལོ་གཅིག་ལྷག་ཙམ་རིང་ཇུས་འགོད་དང་ལག་བསྟར་བྱས་པ་བརྒྱུད། 2023ལོའི་ཟླ་11ཚེས་1ཉིན་ལྷུན་རྩེ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་གཏོང་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྣམ་གྲངས་ཀྱི་ས་ཁྱོན་བསྡོམས་འབོར་མུའུ་300ཙམ་ཟིན་ནས་གྲོང་ཁུལ་གྱི་གྲོང་མི་7000ལ་བརྟན་ཞིང་བློས་འགེལ་ཆོག་པའི་དྲོད་རླངས་གཏོང་ཐུབ་པས། རྫོང་གྲོང་གི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་དང་། ནུས་རྒྱུ་འཕྲོ་བརླག་ཉུང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    ཚེ་རིང་ལྷ་མོའི་ཁྱིམ་གྱི་དྲོད་རླངས་ངོས་ལེབ་ཀྱི་འགྲམ་དུ་སྔོ་ལྗང་རྩི་ཤིང་དང་མེ་ཏོག་ཁོག་མ་མང་པོ་བཞག་ཡོད་པ་ཚང་མའི་སྐྱེ་འཚར་ཡག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་གསར་འགོད་པར་དོ་སྣང་བྱུང་། “ངའི་བཟའ་ཟླས་ལྡུམ་རའི་ལག་རྩལ་སྦྱངས་པས་སྔོ་ལྗང་རྩི་ཤིང་འདེབས་རྒྱུར་ཧ་ཅང་དགའ་པོ་ཡོད། དེ་སྔོན་སྟོན་དུས་དང་དགུན་དུས་སུ་ཁྱིམ་གྱི་རྩི་ཤིང་མང་པོ་ཞིག་འཁྱགས་པའམ་ཡང་ན་བསྐམས་ནས་ཡག་པོ་སྐྱེ་གི་མི་འདུག དྲོད་གཏོང་རྣམ་གྲངས་ལག་བསྟར་བྱས་རྗེས་སྔོ་ལྗང་རྩི་ཤིང་ཚང་མ་ཡག་པོ་སྐྱེས་འདུག་པས་དེ་ཚོ་དགུན་དུས་འཁྱོལ་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་ཚེ་རིང་ལྷ་མོས་བརྗོད།

    “འདི་འདྲའི་དྲོ་བ་ལ”གསར་འགོད་པ་ཀུན་དགའ་སྒྲོལ་མའི་ཁྱིམ་དུ་བཅར་འདྲི་བྱེད་པར་འབྱོར་སྐབས་ཁང་པའི་ནང་འཛུལ་མ་ཐག་དྲོ་སོབ་སོབ་ཀྱི་ཚོར་བ་ཞིག་སྐྱེས།

    “དེ་སྔོན་རྡོ་སོལ་སྲེག་སྐབས་ཁང་པའི་ནང་ཐལ་རྡུལ་ཧ་ཅང་མང་པོ་ཡོད། ད་ཆའི་དྲོད་རླངས་འདི་གཙང་ལ་བདེ་འཇགས་ལ་སེམས་ཁྲལ་མི་དགོས། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་སེམས་ཁྲལ་དེ་བས་བྱེད་དགོས་མི་འདུག ཁང་པ་ཚང་མ་དྲོ་པོ་ཡོད་པས་རྒན་རྒོན་དང་ཕྲུ་གུ་ཁྱིམ་དུ་གཅིག་པུར་སྡོད་སྐབས་ང་ཚོ་བློ་བདེ་པོ་འདུག དྲོད་རླངས་བཏང་བ་བརྒྱུད་ཚང་མའི་སྐྱིད་སྣང་ཆེ་རུ་ཕྱིན་སོང”ཞེས་ཀུན་དགའ་སྒྲོལ་མས་འཛུམ་འཚེར་འཚེར་དུ་བརྗོད།

    “ཞབས་ཞུ་ལྟེ་གནས་རྒྱ་ཆེ་ལ་གྲིབ་ནག་ཏུ་ཡོད་པས། དོན་དག་སྒྲུབ་པར་ཡོང་མཁན་མང་ཚོགས་ཚང་མས་གྲང་མོ་འདུག་ཅེས་བརྗོད་ཀྱི་འདུག ལས་དོན་པ་དེ་གར་སྡོད་སྐབས་ཀྱང་རྟག་པར་རྐང་པ་འཁྱག་ནས་སྡོད་དགོས”ཞེས་ལྷུན་རྩེ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཟླ་བས་བརྗོད་པ་དང་། ཁོང་གིས“ད་ཆ་དེ་འདྲ་མ་རེད། གཅིག་སྡུད་ཐོག་དྲོད་བཏང་བས་དགུན་དུས་ཞབས་ཞུའི་ཚོམས་ཆེན་ནང་དྲོ་པོ་འདུག དེ་ནི་དམངས་ཕན་གྱི་བྱ་བ་བཟང་པོ་ཞིག་རེད”ཅེས་བརྗོད།

    གཅིག་སྡུད་ཐོག་དྲོད་བཏང་བ་བརྒྱུད་རྫོང་གྲོང་གི་གྲོང་མིས་དགུན་དུས་རྡོ་སོལ་སྲེག་པ་དང་གློག་ཆས་སྣ་ཚོགས་སྤྱོད་པ་ལས་བྱུང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་མ་གནས་དམའ་ཞིང་ཐཱན་ཉུང་གཙང་དག་གི་དྲོད་གཏོང་ཐུབ་པས། ཚང་མས་བསྔགས་བརྗོད་བྱེད་པའི་དྲོ་སྐྱིད་ལས་གྲྭ་ཞིག་ཏུ་གྱུར་ཡོད།

    གསར་འགོད་པ་ལྷུན་རྩེ་རྫོང་ཉི་ནུས་གཅིག་སྡུད་དྲོད་གཏོང་བཀོལ་སྤྱོད་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་མེ་ཙེ་དང་མཉམ་དུ་དྲོད་སྡུད་བྱ་ཡུལ་དུ་སྐྱོད་སྐབས། དྲོད་གསོག་སྒྲིག་ཆས་དག་གྲལ་སྒྲིག་པོར་བཞག་ནས་ནུས་ཆེའི་ངང་འཁོར་སྐྱོད་བྱེད་བཞིན་འདུག མེ་ཙེས་ངོ་སྤྲོད་བྱས་དོན། དྲོད་སྡུད་བྱ་ཡུལ་གྱི་དྲོད་གསོག་ཆུ་རྫིང་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་280ཟིན་པ་དང་། དྲོད་ཚད་མཐོ་ཤོས་ཏུའུ་80ཟིན་གྱི་ཡོད། དྲོད་གསོག་ཆུ་རྫིང་ཁེངས་པའི་གནས་ཚུལ་འོག གནམ་གཤིས་ཧ་ཅང་ཞན་ལ་ཉི་འོད་མི་འཕྲོ་བའི་སྐབས་སུ་ཡང་ཉིན་7ནས་8བར་གྱི་རྫོང་གྲོང་གི་དྲོད་གཏོང་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    གཅིག་སྡུད་དྲོད་གཏོང་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ད་དུང་ལྷུན་རྩེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཕྱོགས་གསུམ་པའི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ཆུ་ཚོད་24ཡི་རིང་ལྟ་སྐུལ་ཚོད་འཛིན་དང་། སྦུག་ལམ་དྲ་བར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་ལ་གྲལ་བཤེར། གྲོང་མིའི་ཉམས་གསོ་དང་ཞུ་སྦྱོར་གནས་ཚུལ་སྐབས་འཕྲལ་ཐག་གཅོད་བཅས་བྱས་ནས། དུད་ཁྱིམ་ཚང་མས་དྲོད་རླངས་བརྟན་པོ་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།