དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ།

    གཙང་གསུམ་ས་གཞི་ཆེན་པོར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-17

    འཕྲེད་རྒྱུག་རི་རྒྱུད་རི་མཐོ་གྲོག་རོང་དང་གཙང་གསུམ་ཁུལ་གྱི་གཞུང་ལམ་ཉེན་ཁ་ཤིན་ཏུ་ཆེ་བས་དེ་གར་ས་མཐོའི་བརྗིད་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཆགས་ཡོད།

    ལོ་ངོ་སྟོང་གི་གནའ་ལམ་གྱི་འགག་རྩའི་ལྟེ་གནས་སུ་སྣ་མང་རིག་གནས་སྤེལ་རེས་མཉམ་འདྲེས་ཐུབ་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཤིག་ཆགས་ཡོད།

    བོད་ཤར་རྒྱུད་ཀྱི་མུ་ཏིག་ཅེས་གྲགས་པའི་ས་གཞི་ཆེན་པོ་དེར་ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་བརྩམས་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད།

    ལོ་རྒྱུས་ཡུན་རིང་།

    སྣ་མང་རིག་གནས་མཉམ་འདྲེས་ཐུབ་པ།

    ལོ་རྒྱུས་ཡུན་རིང་ལྡན་པའི་ཇ་རྟ་ཚོང་འགྲུལ་གནའ་ལམ་དེ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན་བཅས་ས་གནས་ཁག་དང་དམ་པོར་འབྲེལ་ཞིང་། ལྷོ་རོང་རྫོང་འདི་ཉིད་ཇ་རྟ་ཚོང་འགྲུལ་གནའ་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པའི་ངོས་ནས་མི་རིགས་ཁག་གི་མང་ཚོགས་དེ་ཁུལ་གྱི་ལྷོ་བྱང་ཕྱོགས་གཉིས་སུ་འགྲོ་སྐྱོད་བྱེད་ཀྱི་ཡོད།

    ལྷོ་རོང་རྫོང་གྲོང་ནས་ཐོན་ཏེ་ནུབ་ཕྱོགས་སུ་སྤྱི་ལེ་25ཙམ་བསྐྱོད་ཚེ་ཤོ་པ་མདོ་གྲོང་རྡལ་དུ་འབྱོར་གྱི་ཡོད། 《ལྷོ་རོང་རྫོང་གི་ལོ་རྒྱུས》ནང་འཁོད་པར་གཞིགས་ན། ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་སྐྱོད་ཆིང་དམག་གི་དམག་མི་ཉིས་སྟོང་ལྷག་ཙམ་དེ་སྔའི་ཤོ་པ་མདོ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དང་། ཕྱིས་སུ་རྒྱ་རིགས་དམག་མི་ཁག་གཅིག་དང་ས་གནས་དེ་གའི་བོད་རིགས་བུད་མེད་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེས་པས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོ་པ་མདོ་གྲོང་རྡལ་དུ་ཁྱབ་ཡོད།

    ཤོ་པ་མདོ་གྲོང་རྡལ་དུ་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་དུ་ལོ་འདབ་རྒྱས་པའི་ལྗོན་ཤིང་སྡོང་པོ་གཉིས་མིག་ལམ་དུ་འཆར། སྦྱར་པ་དང་རྒྱ་ལྕང་སྡོང་རྐང་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་སྐྱེ་འཚར་བྱུང་ཞིང་། “མཐུན་སྒྲིལ་ལྗོན་ཤིང”དེ་གཉིས་ནི་ཤོ་པ་མདོ་གྲོང་རྡལ་གྱི་བོད་རྒྱ་བཟའ་ཚོས་བཏབ་པ་ཞིག་ཡིན་པ་དང་། ལོ་ངོ་བརྒྱ་ཕྲག་ནང་སྐྱེ་འཚར་བྱུང་བའི་ལྗོན་ཤིང་སྡོང་པོ་དེ་གཉིས་ཤོ་པ་མདོ་གྲོང་རྡལ་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    ད་བར་ཉར་ཚགས་བྱས་པའི་སེང་རྩེད་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔང་རྟགས་ཤིག་རེད། ཤོ་པ་མདོ་གྲོང་རྡལ་དུ་ས་གནས་དེ་གའི་མི་སེར་གྱིས་རལ་པ་དང་སྒོར་གཞས་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཞབས་བྲོའི་གཞི་རྒྱུ་དང་སྔ་མོ་ནས་ཁུལ་དེར་དར་ཁྱབ་ཆེ་བའི་སེང་རྩེད་མཉམ་འདྲེས་བྱས་ཏེ་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་བྱེད་སྟངས་ཤིག་གྲུབ་པ་སྟེ། ཤོ་པ་མདོ་གྲོང་རྡལ་གྱི་སེང་རྩེད་དེ་ཡིན་པ་རེད།

    ལོ་60ལྷག་ཙམ་ལ་སླེབས་པའི་བསྟན་པ་ཨ་ཉི་ནི་སེང་རྩེད་ཀྱི་རྒྱུན་འཛིན་པ་མི་རབས་ལྔ་པ་དེ་རེད། “ང་ཚོས་ཤོ་པ་མདོའི་སེང་རྩེད་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་དགེ་ཕྲུག་མང་ཙམ་ཁྲིད་དེ་སེང་རྩེད་དེ་ཉིད་ཤོ་པ་མདོ་དང་། ལྷོ་རོང་། ཆབ་མདོ་བཅས་ནས་ཐོན་ཏེ་གར་སྟེགས་དེ་བས་ཆེ་བ་ཞིག་གཏོད་ཀྱི་ཡིན” བསྟན་པ་ཨ་ཉིས་མི་དེ་བས་མང་བས་སེང་རྩེད་ལ་རྒྱུས་ལོན་དང་སེང་རྩེད་ལ་ངོས་འཛིན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་དང་། དེ་ཡང་ཁོང་གིས་ད་བར་མཐའ་འཁྱོངས་བྱས་པའི་སྒུལ་ཤུགས་ཤིག་རེད།

    གཅིག་སེམས་གཅིག་འབྲེལ།

    བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མཉམ་དུ་བསྐྲུན་པ།

    རྒྱལ་ལམ་214རྒྱུད་དུ་གནས་པའི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་བོད་ཤར་རྒྱུད་ས་ཁུལ་གྱི་འཇང་རིགས་འདུས་སྡོད་ཁུལ་འབའ་ཞིག་དེ་རེད། དེ་གར་འཇང་རིགས་ཀྱི་དུད་ཚང་241གི་མི་854ཡོད་པ་དེས་ཤང་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་17.5བཟུང་ཡོད། དེ་དང་ཆབས་ཅིག འཇང་མི་རིགས་ཤང་ལ་ད་དུང་བོད་རིགས་དང་། རྒྱ་རིགས། པའེ་རིགས། ཐུའུ་ཅ་རིགས། མེའོ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཚོ་སྡོད་བྱེད་ཀྱི་ཡོད། མི་རིགས་ཁག་གི་མང་ཚོགས་འདི་གར་འཚོ་སྡོད་དང་བདེ་སྡུག་མཉམ་མྱོང་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། 2018ལོར་འཇང་མི་རིགས་ཤང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁག་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དཔེ་སྟོན་ཁུལ་གྱི་གྲས་ཤིག་ཏུ་མིང་བཏགས་པ་རེད།

    འཇང་མི་རིགས་ཤང་དུ་ཁྱིམ་ཚང་ཚང་མས་རྒུན་འབྲུམ་འདེབས་པ་དང་རྒུན་ཆང་སྙོལ་བའི་གོམས་གཤིས་ལྡན་ཡོད། སྐད་གྲགས་ཆེན་པོ་ལྡན་པའི“བདག་དམར་གཡང”རྒུན་ཆང་དེ་རང་ནས་ཐོན་པ་ཞིག་རེད།

    “བདག་དམར་གཡང”རྒུན་ཆང་ཐོན་སྐྱེད་བྱེད་མཁན་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་རག་ཚད་ཡོད་ཀུང་སི་ནི་2009ལོར་བཙུགས་ཤིང་། ལོ་མང་རིང་། ཀུང་སིས་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒུན་འབྲུམ་བཏབ་པ་མ་ཟད། ད་དུང་མཐའ་འཁོར་གྱི་མི་རིགས་ཁག་གི་མང་ཚོགས་ལས་ཀར་བསྡུས་ནས་མང་ཚོགས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་རོགས་རམ་ཡང་བྱས་པ་རེད།

    ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཆོས་མཚོས“ཀུང་སིར་བོད་རིགས་དང་། རྒྱ་རིགས། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་བདུན་གྱི་ལས་བཟོ་ཡོད་པ་དེ་དག་གིས་དུས་རྒྱུན་ཕན་ཚུན་རོགས་རམ་བྱས་ནས་ཐུན་མོང་ཐོག་ལས་འགན་ཁག་ལེགས་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་ད་དུང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཚོགས་ཆུང་ཆེད་མངགས་བཙུགས་ནས་མི་རིགས་ཁག་གི་ལས་བཟོའི་དབར་འབྲེལ་གཏུག་དང་བསམ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་གི་ཡོད”ཅེས་བརྗོད།

    མཉམ་འདྲེས་གཏིང་ཟབ།

    འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ།

    རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དེར་དམིགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་དང་ཞིབ་བསྡུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས། མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

    —— ཆེད་དོན་སློབ་སྦྱོང་ཐེངས་360ལྷག་ཙམ་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་ཐེངས་3000ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་།

    —— བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དང་མཐུན་སྦྱོར་གྱིས་རོགས་སྐྱོར་མཉམ་ལས་ལ་མཐུན་སྦྱོར་བྱས་ཤིང་། རིམ་རྩིས་བྱས་ན་ཁྱོན་སྒོར་དུང་ཕྱུར་58.13ཟིན་པའི་རོགས་སྐྱོར་མ་དངུལ་དང་དངོས་ཟོག་སྒྲིག་ཆས་དོན་འཁྱོལ་བྱས་པ་དང་རྣམ་གྲངས་1342ལག་བསྟར་བྱས་པ།

    —— 2023ལོར་དྲིལ་བསྒྲགས་སློབ་གསོ་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་ལག་བསྟར་བྱས་ནས་རྫོང(ཆུས)18ཀྱི་གཞི་རིམ་ས་ཚིགས་སུ་བསྐྱོད་དེ་འཁྲབ་སྟོན་དང་སྒྲོག་འགྲེལ་བྱས་ནས་ཕྱོགས་མང་པོ་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་30སྤེལ་བ་སོགས་བྱས་ཡོད།

    ད་ཆ་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོའི་ཕྱོགས་གང་སར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱེད་པའི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་དང་། གང་སར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཐོས་རྒྱུ་ཡོད། མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་བརྗིད་ཆེའི་རྣམ་པ་ཞིག་གཏོད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།