དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོ།

    འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས། བདེ་སྐྱིད་ཀྱི་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-17

    འདི་ནི་སྐལ་བཟང་ཕུན་ཚོགས་དང་ཁོང་གི་སྐྱེལ་འདྲེན་རླངས་འཁོར་ཡིན་པ།

    སེང་གེ་ཁ་འབབ་གྲོང་རྡལ་ནས་ཐོན་ཏེ་སེང་གེ་ཁ་འབབ་བརྒྱུད་ནུབ་བྱང་ཕྱོགས་སུ་སྤྱི་ལེ་40ལྷག་ཙམ་བསྐྱོད་མཐར་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོར་སླེབས། གྲོང་ཚོའི་ནང་དུ་བསྐྱོད་ཚེ་བགྲོད་ལམ་རྒྱ་ཆེ་ཞིང་གཙང་ལ་སྒོ་ར་ཆུང་ཆུང་དག་གྲལ་སྟར་འགྲིག་པས་གྲོང་ཚོ་གནས་འཕྲོད་ལས་འཚམ་དང་མང་ཚོགས་འབྱོར་ཕྱུག་གི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་མཐོང་ཐུབ།

    ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་སྒང་གྲོང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་པས་གྲོང་གསེབ་འཕེལ་རྒྱས་ལ་སྔར་བས་གསོན་ཤུགས་རྒྱས་ནས་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་རེད།

    གྲོང་ཚོའི་ཆ་རྐྱེན་སྔོན་ཆད་ལས་ཧ་ཅང་ལེགས་སུ་ཕྱིན་པ།

    འདི་ལོ་ལོ་73ལ་སླེབས་པའི་ཆོས་སྦྱིན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བཀྲ་ཤིས་སྒང་བ་ཞིག་ཡིན།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་། ལོ་33ལ་སླེབས་པའི་ཆོས་སྦྱིན་གྱིས་བཀྲ་ཤིས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཞིང་། དང་ཐོག་ཁོང་ལ་འཕྲད་པའི་དཀའ་གནད་གཅིག་ནི་བཀྲ་ཤིས་སྒང་གྲོང་ཚོར་ཚོགས་ཁང་ཡག་པོ་ཞིག་ཀྱང་མེད་པ་དེ་རེད།

    སྤྱིར་གྲོང་ཚོའི་ཚོགས་ཁང་ཞིག་བསྐྲུན་པ་ནི་དེ་འདྲའི་ལས་ཀ་ཆེན་པོ་ཞིག་མིན་ཡང་། སྦྲ་གུར་ཕུད་བཟོ་བཀོད་འདྲ་ཆགས་པའི་ཨར་སྐྲུན་གཅིག་ཀྱང་མེད་པའི་བཀྲ་ཤིས་སྒང་གྲོང་ཚོར་མཚོན་ན། དེ་ནི་ཉིན་མོའི་རྨི་ལམ་ལྟ་བུ་རེད།

    ཚོགས་ཁང་ཞིག་སྐྲུན་ཆེད། ཆོས་སྦྱིན་དང་གྲོང་ཚོའི་ཀྲུའུ་རེན་མཉམ་དུ་རྫོང་ལ་ཨར་ལས་རྒྱུ་ཆ་སློང་དུ་འགྲོ་རྩིས་བྱས། “སྐབས་དེ་དུས་རླངས་འཁོར་མེད་པས་ངེད་གཉིས་རྟ་བཞོན་ནས་འགྲོ་བ་ལས་ཐབས་གཞན་མེད། ཐེངས་དང་པོར་ལམ་ཐག་སྤྱི་ལེ་40ལྷག་ཙམ་སྐྱོད་པར་ཆུ་ཚོད་12འགོར་སོང”ཞེས་ཆོས་སྦྱིན་གྱིས་བཤད།

    ཡིན་ན་ཡང་། མི་ལ་བརྩོན་འགྲུས་ལྡན་འགྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག ཨར་ལས་རྒྱུ་ཆ་ཚང་མ་གྲོང་ཚོར་བདེ་བླག་ངང་དབོར་ཐུབ་བྱུང་། ལས་འགོ་ཚུགས་རྗེས། གྲོང་ཚོའི་ཏང་ཡོན་ཚོས་སྣེ་ཁྲིད་ཅིང་གྲོང་མི་ཚོ་རང་འགུལ་ངང་ཞུགས་ཏེ་བྱེ་མ་དང་ས་ཕག་དབོར་བ་སོགས་ཀྱི་ལས་ཀ་ཚང་མ་ཧུར་ཐག་བྱས། ཚང་མའི་ཐུན་མོང་གི་འབད་འཐབ་འོག སྨི་ངོས་གྲུ་60ལྷག་ཡོད་པའི་གྲོང་ཚོའི་ཚོགས་ཁང་བདེ་བླག་ངང་བསྐྲུན་ནས། མུ་མཐའ་མི་མངོན་པའི་རྩྭ་ཐང་སྟེང་རྡོ་ཤིང་སྒྲོམ་གཞིའི་བཟོ་བཀོད་ཅིག་འགྱིང་ངེར་བསླངས་བ་རེད།

    “སྔོན་ཆད་ཀྱི་ཚོགས་ཁང་ནི་ལྷས་ར་དང་རྩྭ་ར་སོགས་ཡིན། རྗེས་སུ་རྡོ་ཤིང་སྒྲོམ་གཞིའི་ཚོགས་ཁང་ཡིན། ད་ཆ་ལྕགས་རྩིབས་མ་དང་ཨར་འདམ་གྱིས་བཟོས་པའི་ཐོག་བརྩེགས་གཉིས་ལྡན་གྱི་ཏང་ཡོན་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས་ཡིན། གྲོང་ཚོའི་ཆ་རྐྱེན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཕྱིན་ཡོད”ཅེས་ཆོས་སྦྱིན་གྱིས་སེམས་འགུལ་ཐེབས་བཞིན་དུ་བཤད།

    གྲོང་མིའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།

    གསར་འགོད་པ་བཀྲ་ཤིས་སྒང་གྲོང་ཚོར་སྐྱོད་སྐབས་ཐོག་བརྩེགས་གཉིས་ལྡན་གྱི་དམངས་ཁང་རྫིག་པོ་ཞིག་མཐོང་བས་དེ་ནི་སྐལ་བཟང་ཕུན་ཚོགས་ཀྱི་ཁྱིམ་རེད། གྲོང་མི་ཚོས་གསར་འགོད་པར་སྔོན་ཆད་སྐལ་བཟང་ཕུན་ཚོགས་ཀྱི་ཁྱིམ་ནི་གྲོང་ཚོའི་ནང་གི་ཁྱིམ་ཚང་སྐྱོ་ཤོས་ཤིག་ཡིན་ཞེས་བཤད།

    སྐལ་བཟང་ཕུན་ཚོགས་ཀྱིས“སྔོན་ཆད་ནང་མི་5ཡོད་ཀྱང་ལོ་ཧྲིལ་པོར་ཡོང་འབབ་སྒོར་2000ལྷག་ཙམ་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”ཅེས་བཤད།

    2011ལོར། དམའ་འབྲིང་ནས་ཐོན་པའི་སྐལ་བཟང་ཕུན་ཚོགས་དམག་མིར་ཞུགས་ཤིང་། དམག་མི་བྱེད་རིང་། སྐལ་བཟང་ཕུན་ཚོགས་ཀྱིས་ཟླ་རེའི་ཕོགས་སྣོན་ཚང་མ་ནང་ལ་བསྐུར་གྱི་ཡོད་པ་རེད།

    དཔུང་སྡེའི་ནང་། དཀའ་སྤྱད་འབད་འཐབ་བྱེད་པའི་སྐལ་བཟང་ཕུན་ཚོགས་ཀྱི་རྣམ་འགྱུར་ལེགས་པས་ཕུལ་བྱུང་ཧྲེ་ཀོན་དམག་མིར་ཐེངས་མང་བདམས་པ་མ་ཟད། ད་དུང་རླངས་འཁོར་འཛིན་གྲྭར་ཞུགས་ནས་རླངས་འཁོར་གཏོང་སྟངས་སྦྱོང་བའི་གོ་སྐབས་ཀྱང་རག་པས། ཡུན་རིང་མ་འགོར་བར་དཔུང་སྡེའི་ཁ་ལོ་བ་ཞིག་ཏུ་གྱུར།

    2019ལོར་དམག་ཞབས་ཐིམ་རྗེས་སྐལ་བཟང་ཕུན་ཚོགས་ཀྱིས་ཟོག་འཁོར་གྱི་ཁ་ལོ་བ་ཞིག་བྱས། ཁོང་གིས་རང་ཉིད་ཀྱིས་བསགས་པའི་དངུལ་བཏང་ནས་སྐྱེལ་འདྲེན་རླངས་འཁོར་གཉིས་ཉོས། སྐབས་དེ་དུས་གྲོང་གསེབ་ཀྱི་བགྲོད་ལམ་སྐྲུན་པའི་དུས་སྐབས་བཟང་པོ་དང་འཁེལ་བས་ལོ་རེར་མང་ཤོས་སྒོར་ཁྲི་30ལྷག་རག་གི་ཡོད་པ་རེད།

    2022ལོར། སྐལ་བཟང་ཕུན་ཚོགས་ཀྱི་ཆུང་མ་བཀྲ་བཟང་གིས་ཚོང་ཁང་ཆུང་ཆུང་ཞིག་བཙུགས། “དབྱར་ཁར་ངེད་ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག ཚོང་ཁང་དང་སྐྱེལ་འདྲེན་གྱི་ཡོང་འབབ་ཚང་མ་བརྩིས་ན་ལོ་རེར་སྒོར་ཁྲི་10ཙམ་ཡོད་པས་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་པ་རེད”ཅེས་སྐལ་བཟང་ཕུན་ཚོགས་ཀྱིས་བཤད།

    མཉམ་སྡེབ་དཔལ་འབྱོར་ཉིན་རེ་བཞིན་སྟོབས་ཆེར་ཕྱིན་པ།

    རླངས་འཁོར་ནང་བསྡད་དེ་སེང་གེ་ཁ་འབབ་བརྒྱུད་བཀྲ་ཤིས་སྒང་གྲོང་ཚོའི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་5བསྐྱོད་ན་བཀྲ་ཤིས་སྒང་གྲོང་ཚོའི་བུད་མེད་རྩམ་པ་ལས་སྣོན་བཟོ་གྲྭར་སླེབས་ཐུབ། ལས་སྣོན་བཟོ་གྲྭའི་ནང་དུ་བུད་མེད་ཚོས་རྩམ་པ་ལས་སྣོན་བྱེད་ཀྱི་ཡོད་པ་དང་། ནས་རྡོག་རེ་རེ་ཞིབ་མོར་འཐག་པ་བརྒྱུད་རྩམ་དྲི་ཕྱོགས་བཞིར་འཐུལ་བཞིན་ཡོད།

    རྩམ་པ་ལས་སྣོན་བཟོ་གྲྭའི་འགན་འཁུར་བ་ཀུན་བཟང་གིས། 2017ལོར། གྲོང་སྡོད་ལས་དོན་རུ་ཁག་གིས་མཐའ་དར་དམངས་ཕྱུག་གི་ཚན་རྩལ་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་མི་སྒྲིག་འཛུགས་ཀྱིས་ནས་སྤུས་ལེགས་བཏབ་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་ཆེད། 2018ལོར་བཀྲ་ཤིས་སྒང་གྲོང་ཚོས་རྩམ་པ་ལས་སྣོན་བཟོ་གྲྭ་བསྐྲུན་པ་དང་2020ལོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས། རྒྱ་ཁྱོན་སྨི་ངོས་གྲུ་200ཡོད་པའི་བཟོ་ཁང་དེའི་གཙོ་གཉེར་ལས་སྒོ་ནི་རྩམ་པ་དང་པད་ཁའི་སྣུམ་ལས་སྣོན་བྱ་རྒྱུ་དེ་ཡིན་པ་རེད།

    གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག རྩམ་པ་ལས་སྣོན་བཟོ་གྲྭས་ཁྲོམ་རའི་རིན་གོང་ལྟར་གྲོང་མི་ཚོའི་ནས་ལྷག་མ་བསྡུ་ཉོ་བྱས་རྗེས་རྩམ་པ་སྤུས་ལེགས་བཏགས་ནས་སླར་ཁྲོམ་རར་བཏོན་པ་རེད། བུད་མེད་རྩམ་པ་ལས་སྣོན་བཟོ་གྲྭས་གྲོང་མིའི་ནས་ལྷག་མ་ཉར་ཚགས་དཀའ་བ་དང་རུལ་སླ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། བུད་མེད་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་གྲོང་མིས་མཉམ་ལས་ཁང་གཉེར་བའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

    “ང་ཚོའི་བཟོ་གྲྭས་བཏགས་པའི་རྩམ་པ་ཧ་ཅང་ཞིམ་པོ་ཡོད་པས་ལས་བྱེད་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔར་ཆེད་ཚོང་ཁང་བཙུགས་མེད། ཡིན་ན་ཡང་ཚོང་ཤག་མི་ཉུང་བ་ཞིག་རྩམ་པ་འཐག་སར་ཡོང་ནས་ཉོ་གི་འདུག”“གྲོང་ཚོའི་བུད་མེད་ཚོར་ལོ་རེར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པ་མ་ཟད། ད་དུང་རྩམ་པ་ལས་སྣོན་བཟོ་གྲྭའི་ནང་དུ་ལས་ཀ་ཡང་བྱེད་ཆོག་པས་ཚང་མའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་རེད”ཅེས་ཀུན་བཟང་གིས་དགའ་ཚོར་ཆེན་པོས་བཤད།

    ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་སྒང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་པ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཚད་བརྒལ་ཡོང་གཞི་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཐོག་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་སྤྱད་དེ་མཉམ་ལས་ཁང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཕན་འབྲས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    མིག་སྔར། བཀྲ་ཤིས་སྒང་གྲོང་ཚོའི་ཞིང་འབྲོག་པའི་ཕྱོགས་བསྡུས་ཁྱད་ལྡན་ཆེད་ལས་མཉམ་ལས་ཁང་ལ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་། བུད་མེད་ཀྱི་རྩམ་པ་ལས་སྣོན་བཟོ་གྲྭ དུས་ཐུང་ལུག་རྒྱགས་གསོའི་རྣམ་གྲངས་སོགས་ཡོད། 2023ལོར། མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་94ཟིན་ནས་གྲོང་ཚོ་ཧྲིལ་པོའི་དུད་ཚང་123གྱི་མི་360ལ་ཁེ་སྤོགས་སྒོར་ཁྲི་54བགོ་བཤའ་བརྒྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།