དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ང་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-16

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པས་འདི་ལོའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཁོང་ཚོས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་དེ་བཞིན་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་མཐའ་འཁྱོངས་བྱེད་པའི་བརྒྱུད་རིམ་མཚོན་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དང་འབྲེལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོའི་ལུགས་ཀྱི་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་མཚོན་ཡོད”

    ཀྲུང་གོར་བཅའ་སྡོད་རུ་ཝང་ཏའི་གཞུང་ཚབ་ཆེ་མོ་བ་ཀྲན་མུའུ་སི·ཅི་མོ་ཉི་ཨའོ་ཡིས། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་མཐའ་འཁྱོངས་བྱེད་པའི་བརྒྱུད་རིམ་མཚོན་གྱི་ཡོད་ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཀེ་རི་སེའི་གཞུང་ཚབ་ཆེ་མོ་བ་ཁར་ཕེ་ལི་སི་ཡིས། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་དང་ཕུགས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་དམིགས་པ་དང་འབྲེལ། དེ་མཚུངས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཟོས་ནས“ཀྲུང་གོའི་ལུགས་ཀྱི་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་མཚོན་པ”བྱས་ཡོད་ཅེས་བརྗོད་པ་རེད།

    “རྒྱ་ཆེའི་དམངས་ཚོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད”

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་འབྲེལ་གཏུག་གྲོས་མོལ་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ལས་སྟེགས་གལ་ཆེན་ཞིག་རེད། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ཁག་གི་བརྒྱུད་རིམ་ལས་ཏང་གི་འདོད་ཚུལ་དང་། རྒྱལ་ཁབ་ཀྱི་འདོད་བློ། མི་དམངས་ཀྱི་འདོད་མོས་བཅས་གཅིག་གྱུར་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐར་ཁུང་བརྒྱུད་རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལྟ་ཞིབ་བྱས་ནས་ཀྲུང་གོའི་དམངས་གཙོའི་ལག་ལེན་ལ་ངོས་འཛིན་དང་བསམ་ཤེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པི་ཧྲི་ནུའུ·ཧྲི་ལེ་སི་ཐ་ཡིས། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་ཀྱི་ཡོད། “ཀྲུང་གོར་སླེབས་ནས་ལས་ཀ་བྱས་རྗེས། ངས་ཞིང་ཆེན་མང་པོ་ཞིག་ཏུ་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་མྱོང་ཡོད། ངས་རིམ་ཁག་ས་གནས་སྲིད་གཞུང་གིས་ས་གནས་དེ་གའི་ཁྱད་ཆོས་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་མང་པོ་བཏོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བས། ཚང་མའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མཐོང་བྱུང”ཞེས་བརྗོད།

    “གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་སྒུལ་ནུས་གསར་པ་གཏོད་ཡོད”

    “ལོ་མང་རིང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་ལྟ་བུ་ཞིག་ཡིན། 2023ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5.2%འཕར་བ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་མངོན་ཡོད། མི་ཐབས་རིག་ནུས་དང་། དྲ་སྦྲེལ། སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་ཐད་ཀྲུང་གོ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། དེས་ཀྲུང་གོའི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་ཡང་ཕན་པ་ཐོབ་ཡོད”ཅེས་ཁར་ཧྥེ་ལི་སིས་བརྗོད།

    “དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཀྲུང་གོས་མུ་མཐུད་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད” ཅི་མོ་ཉི་ཨའོ་ཡིས་ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་དཔལ་འབྱོར་འཕར་བ་དང་། ལྗང་མདོག་འཕེལ་རྒྱས། ལག་རྩལ་གསར་གཏོད་བཅས་ཀྱི་འབྲེལ་ཡོད་ནང་དོན་ལ་དོ་སྣང་ཆེན་པོ་བྱས་ཤིང་། ཁོང་གིས“རུ་ཝང་ཏས་དེ་བས་ལྗང་མདོག་དང་དེ་བས་སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་འབྱུང་འགྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཏེ། རུ་ཀྲུང་ཕྱོགས་གཉིས་པོས་འབྲེལ་ཡོད་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཆོག”ཅེས་བརྗོད།

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཡུལ་ནི་ཆུ་ཚད་དེ་བས་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་སྒུལ་ནུས་གསར་པ་སྦྱིན་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་དར་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད”ཅེས་ཧྲི་ལུའེ་སི་ཐཱ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།