དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་ནས་ནག་སྲོལ་རྒྱུན་གྱི་འདེབས་འཛུགས་ནས་སྤུས་ལེགས་ཀྱི་ཐོན་སྐྱེད་ལ་བསྒྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མེ།   |     སྤེལ་དུས།  2024-03-16

    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་ཧོར་ནག་ཤང་གི་རུ་ཞོལ་མ་གྲོང་ཚོར་ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བ་དང་། ཉི་འོད་འཕྲོ་ཚད་ཆེ་བ། ཆུ་སྤུས་ལེགས་པ་བཅས་ཡག་པའི་རང་བྱུང་གི་ལེགས་ཆ་ལྡན་པས་ནས་ནག་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། འོན་ཀྱང་ནས་ནག་རེབ་གོང་དུ་འདེབས་པའི་གཞི་ཁྱོན་ཆུང་བ་དང་ཐོན་འབབ་ཀྱང་དམའ་པོ་ཡོད། 2019ལོར་རེབ་གོང་གྲོང་ཁྱེར་གྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས། ཧོར་ནག་ཤང་གིས་བོད་ལྗོངས་གཞིས་རྩེ་ནས་ཐོན་འབབ་ཡག་པའི་ནས་ནག་གི་སོན་བཟང་ནང་འདྲེན་བྱས་པས་མུའུ་རེའི་ཆ་སྙོམས་ཐོན་ཚད་རྒྱ་མ་250ཟིན་གྱི་ཡོད།

    ཚོད་འདེབས་བྱས་པ་བརྒྱུད། ཧོར་ནག་ཤང་དུ་བཏབ་པའི་ནས་ནག་གི་སྙེའི་རྡོག་ཆེན་པོ་ཡོད། དེས་ན་2020ལོར་ཤང་ཡོངས་ཀྱིས་མུའུ་1100ཡི་ཞིང་ས་གཤིན་པོར་ནས་ནག་བཏབ། “ནས་ཀྱི་དཔལ་འབྱོར་ཡོང་འབབ་རྒྱ་སྲན་དང་ཞོག་ཁོག་སོགས་ཐོན་སྐྱེད་ལས་ལེགས་པ་ཡོད། ནས་དཀྱུས་མ་རྒྱ་མ་རེར་མཐོ་ཤོས་སྒོར་1.5ལས་རག་གི་མེད། འོན་ཀྱང་ནས་ནག་རྒྱ་མ་གཅིག་ལ་སྒོར་3རག་གི་ཡོད”རུ་ཞོལ་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཔལ་མགོན་ཚེ་རིང་གིས“མུའུ་རེ་ནས་ཆ་སྙོམས་འབབ་འཕར་སྒོར་1050ཡོང་གི་འདུག”ཅེས་ངོ་སྤྲོད་བྱས།

    ཧོར་ནག་ཤང་གི་རི་བོ་མཐོ་ལ་ཕུ་ཐག་རིང་བས་མང་ཚོགས་འབབ་འཕར་ཕྱུག་འགྱུར་དཀའ་ཙམ་ཡོད། “ནས་ནག་ལ་ཡོང་འབབ་ཡག་པོ་ཡོད་པ་མཐོང་དུས་ང་ཚོས་ཞིང་ལས་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ། གྲོང་མི་དེ་བས་མང་བའི་འཚོ་བ་སྔར་བས་ལེགས་པ་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་ཧོར་ནག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བདུད་ལྷ་ཐར་གྱིས་བཤད།

    ཞིང་ཁ་ལེགས་བསྡུས་ཅན་དང་ནུས་ཆེ་ཅན་གྱི་འདེབས་འཛུགས་མངོན་འགྱུར་བྱ་ཆེད། རུ་ཞོལ་མ་གྲོང་ཚོས་གྲོང་གསེབ་དར་རྒྱས་དང་ཐེན་ཅིན་གྱི་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་280ལ་བརྟེན་ནས་ཧོར་ནག་ཞིང་འཕྲུལ་ཞབས་ཞུ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རིགས་16གི་འཕྲུལ་ཆས་34ཡི་དེང་རབས་ཞིང་འཕྲུལ་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་ཐོན་སྐྱེད་ནུས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    གྲོང་མི་བཀྲ་ཤིས་ཀྱི་ཁྱིམ་དུ་ས་ཞིང་མུའུ་20ཡོད་པ་དང་། ཚང་མ་མཉམ་ལས་ཁང་དུ་མ་རྐང་བཞག་ཡོད། ཞིང་འཕྲུལ་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད། ཁོང་གིས་ཞིང་འཕྲུལ་སྣ་ཚོགས་བཀོད་སྤྱོད་ཐུབ་ནས་མཉམ་ལས་ཁང་གི་ལས་མིར་གྱུར་པ་དང་། ལོ་མང་མཉམ་ལས་ཁང་དུ་གཟན་རྩྭ་བསྡུ་བ་དང་རླངས་འཁོར་གཏོང་བ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས“ཉིན་གླ་སྒོར་150ལེན་རྒྱུ་ཡོད་པའི་ཁར་ད་དུང་ལོ་མཇུག་གི་བགོ་འགྲེམས་སྒོར་ཁྲི་3ལྷག་ཙམ་ལེན་རྒྱུ་ཡོད། ད་ཆ་ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་གསོག་ཐུབ་པ་བྱུང་སོང”ཞེས་བཤད།

    རུ་ཞོལ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་དཔོན་བྱམས་མཁར་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ནས་ནག་འདེབས་འཛུགས་ལ“ཞིང་དུད་དང་། མཉམ་ལས་ཁང་། རྟེན་གཞི”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པ་བརྒྱུད། ཞིང་དུད་མཉམ་ལས་ཁང་ནང་ཞུགས་པ་དང་། མཉམ་ལས་ཁང་གིས་ནས་ནག་གི་སོན་དང་གཡོག་བྱེད་བཅས་ཀྱི་འགན་འཁུར་གྱི་ཡོད། དེས་མ་ཚད་ནམ་ཞག་རྒྱུན་དུ་ཞིང་པ་རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་དང་། ལོ་མཇུག་ཏུ་མ་རྐང་གཞིར་བཟུང་བགོ་འགྲེམས་རྒྱག་གི་ཡོད་པས་ལས་ཞུགས་ཐུབ་པ་དང་སྦྲགས་འབབ་འཕར་ཡང་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།