ཁྲོམ་རའི་གདེང་ཚོད་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།
—— 《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་གསལ་འགྲེལ།
དམངས་ཁྲོད་མ་འཇོག་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ཀྱི་མ་འཇོག་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་སྐྱེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། 2023ལོར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས་35.1%འཕར་བ(ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུའི་བོད་ལྗོངས་ས་ཁོངས་ལ་མ་འཇོག་བྱས་པ་ཚུད་མེད)དང་དམངས་ཁྲོད་མ་འཇོག་བྱེད་ཚད་8.8%འཕར་ཡོད། ཁྱབ་ཁོངས་དབྱེ་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་34.8%འཕར་བ་དང་། བཟོ་ལས་ལ་མ་འཇོག་བྱེད་ཚད་48.1%འཕར་བ། དམངས་འཚོའི་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་31.8%འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར“ཀྲུང་གོའི་གཟི་བརྗིད་བྱ་གཞག བོད་ལྗོངས་ཀྱི་བྱ་སྤྱོད”ཐོག་མར་གཉེར་བ་ནས་2022ལོའི་ལོ་མཇུག་བར་གྱི་ལོ་བཅུའི་ནང་། བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོའི་གྲངས་འབོར་ལྡབ་3.5ཙམ་འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལྡབ་2.4ཙམ་འཕར་བ། ཁྲལ་འབབ་ལ་ལེགས་སྐྱེས་འབུལ་ཚད་ལྡབ་3ཙམ་འཕར་བ། ལས་ཞུགས་ལས་གནས་ཁྲི་76.4ནས་ལྡབ་གཉིས་ཙམ་འཕར་ཏེ་ཁྲི་135ཟིན་མོད། འོན་ཀྱང་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་མི་འདང་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཐོབ་ཐང་གཅིག་པ་མིན་པ་དང་མངོན་མེད་བཀག་རྒྱ་དང་། དམངས་ཁྲོད་མ་འཇོག་གི་སྤུས་ཚད་མཐོ་པོ་མེད་པ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་འགོར་བ་སོགས་རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་མདུན་དུ་ལྷག་པའི་གནད་དོན་དང་བཀག་རྒྱ་དེ་དག་གིས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་བཞིན་ཤུཌ་རྐྱེན་ཐེབས་ཀྱི་ཡོད།
ཉེ་ཆར། རང་སྐྱོང་ལྗོངས་ཀྱིས《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(བསྡུས་མིང་ལ《ལག་བསྟར་བསམ་འཆར》ཞེས་ཟེར)བཀྲམ་པ་རེད།
《ལག་བསྟར་བསམ་འཆར》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་ཡིག་ཆའི་ལས་དོན་གྱི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དམངས་ཁྲོད་མ་འཇོག་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་ཤུགས་ཆེར་གཏོང་བ། དམངས་ཁྲོད་མ་འཇོག་གི་མ་དངུལ་བསྡུ་སྒྲིལ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དམངས་ཁྲོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཕྱོགས་དྲུག་ཐད་བྱ་ཐབས་ཁག་23བཏོན་ཡོད།
《ལག་བསྟར་བསམ་འཆར》གྱི་འཆར་ཟིན་འགོད་པར་ཞུགས་མཁན་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་ཚོགས་ཡིད་རྟོན་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ཁྲུའི་ཁྲུའུ་ཀྲང་ལིའུ་ཧོའེ་ཀྲི་ཡིས། 《ལག་བསྟར་བསམ་འཆར》ནང་རིམ་ཁག་སྡེ་ཚན་ཁག་གིས་ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་ཕྱོགས་ཡོངས་ནས་འཛུགས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཐབས་ལམ་ཤར་གཏོང་བྱེད་པ། “རྫུན་འགོག་བསླུ་བཅོས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ། དུས་ཐོག་ཏུ་ཕྱོགས་སྡོམ་དང་དཔྱད་དཔོག་ཡག་པོ་བྱེད་པ། བྱ་དགའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ལུགས་བཏོན་ཡོད་ཅེས་བརྗོད་པ་རེད།
ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་བཟོ་བ་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་ལྷུ་ཚིགས་ཚང་མར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་སྲིད་ཇུས་ཀྱི་མཁོ་སྤྲོད་དང་ཁེ་ལས་ཀྱི་དགོས་མཁོ་འཚམ་མཐུན་ཡོང་ཚད་མཐོ་རུ་བཏང་སྟེ། སྲིད་ཇུས་གནད་སྨིན་དོན་འཁྱོལ་དང་གཟིགས་སྐྱོང་ཐད་ཀར་ལོངས་སྤྱོད་ཐུབ་པར་འགན་ལེན་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
སེམས་འབྲེལ་ཟམ་པ་ཡག་པོ་བཙུགས་ནས་ཁེ་ལས་ཀྱི་སྙིང་ཉེ་བ་ཞིག་བྱེད་དགོས། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་གནད་དང་གཉེར་སྒྲུབ་ལྷུ་ཚིགས་སྔར་བས་ཉུང་དུ་གཏོང་བ་དང་། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ”རྒྱ་སྐྱེད་གཏོང་བ། “དྲ་ཐོག་གཉེར་སྒྲུབ”དང“སྦར་མཐིལ་གཉེར་སྒྲུབ”ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་ལས་གཉེར་དུས་ཡུན་ཉིན་གྲངས་1མུ་མཐུད་བརྟན་དུ་བཏང་བ་མ་ཟད་ལམ་སེང་སྒྲུབ་ཐུབ་པར་བྱུང་ཡོད། འོས་སྐུལ་འོས་དཔོད་ཀྱི་བརྒྱུད་རིམ་ལེགས་སུ་མུ་མཐུད་གཏོང་བ་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཞི་ལྷོད་དུ་གཏོང་རྒྱུ་རེད།