དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡུན་རིང་བོད་སྐྲུན་གྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-15

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུན་རིང་བོད་སྐྲུན་བྱེད་པར་གཟབ་ནན་བརྟན་འགྲོའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ལས་དོན་མཐའ་དག་ཕུགས་ལ་བསམ་བློ་གཏོང་བ་དང་བྱེད་ཐབས་མཐའ་དག་རྒྱུན་མཐུད་ཆོག་པར་བྱེད་དགོས།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཏང་ཡོན་ལས་བྱེད་པ་མང་པོས་ཏང་ཀྲུང་དབྱང་གི“མཐའ་མཚམས་ཁྱིམ་ཡིན། ཡུན་རིང་བོད་སྐྲུན”གྱི་འབོད་སྐུལ་དང་ལེན་བྱས་ནས་གངས་ལྗོངས་སུ་རྩ་བ་ཚུགས་པ་དང་། འབད་འབུངས་ཡར་བརྩོན། དཀའ་སྤྱད་ལས་གཏོད། རྒྱུན་མཐུད་འབད་འཐབ་བཅས་བྱས་པར་ཐན་ཀོན་སན་དང་། ཁུང་ཧྥན་སེན། ཁྲེན་ཅིན་ཧྲུའེ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་སོགས་དཔའ་བོ་མང་པོ་ཐོན་པ་དང་། “ལྷག་པར་དུ་ལྔའི”བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཞུན་བརྡར་ཐུབ་ནས་བོད་དར་རྒྱས་གོང་འཕེལ་གྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་བརྩམས་ཡོད། དེང་གི་བོད་ལྗོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད། གྲུབ་འབྲས་འདི་དག་ནི་དུས་ཡུན་ཐུང་ཐུང་ཞིག་ནང་ཐོབ་པ་མ་ཡིན་པར་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཏང་ཀྲུང་དབྱང་གི་དུས་ཡུན་རིང་པོའི་དམིགས་བསལ་གཟིགས་སྐྱོང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་རེ་རེ་བཞིན་བསྒྲུབས་པ་རེད་ལ། ཡུན་རིང་བོད་སྐྲུན་གྱི་རྩ་དོན་གལ་ཆེན་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།

    ཕུགས་ལ་བསམ་ཇུས་མ་བཀོད་ན། འཕྲལ་གྱི་དོན་ཡང་འགྲུབ་པར་དཀའ། བོད་ཀྱི་དམིགས་བསལ་གྱི་ལྗོངས་བབ་དང་ས་ཁོངས་ཀྱི་གནས་ཡུལ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་བཅས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ད་དུང་ཡུན་རིང་དཀའ་སྤྱད་འབད་འཐབ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་དང་། ཡུན་རིང་བོད་སྐྲུན་གྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཐོག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཕུགས་ལ་འཆར་འགོད་ཡག་པོ་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་མཐུད་བསྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློའི་གོ་རྟོགས་ཐོག་ནས་བྱས་རྗེས་དེང་འདིར་འཇོག ཕན་འབྲས་བསྐལ་བརྒྱར་ཐོན། བུ་རབས་ཚ་རྒྱུད་ལ་ཕན་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཁྱོན་ཡོངས་དང་ཆ་ཤས་དང་། མིག་སྔ་དང་སླད་ཕྱིན། གཞི་ཆེན་དང་གཞི་ཆུང་། འགལ་ཟླ་གཙོ་བོ་དང་འགལ་ཟླ་ཕལ་བ། དམིགས་བསལ་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱས་ཐོག རིམ་བཞིན་གོང་འཕེལ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ནས་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་སྲིད་ཇུས་ཀྱི་བདེ་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། བདག་པོའི་འདུ་ཤེས་འདོན་སྤེལ་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་སྔར་བས་ཡག་པོ་དང་། རང་བརྟེན་དང་གཞན་བརྟེན་ཟུང་འབྲེལ་སྔར་བས་ཡག་པོ། སྲིད་གཞུང་གི་ནུས་པ་དང་ཁྲོམ་རའི་ནུས་པ་ཟུང་འབྲེལ་སྔར་བས་ཡག་པོ། སྒྱུར་བཅོས་ཟབ་གཏོང་དང་ཕྱི་ཕྱོགས་སྒོ་དབྱེ་ཟུང་འབྲེལ་སྔར་བས་ཡག་པོ་བཅས་བྱས་ནས་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་དམ་པ་དོན་གཉེར་དང་། ཤུགས་སྣོན་ཆད་མེད། འབད་འཐབ་བྱེད་མཁས་པ། དཀའ་བ་དང་དུ་ལེན་ཕོད་པ་བཅས་བྱས་ཏེ། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།