དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟབ་ནན་མདུན་སྐྱོད་དང་། གསར་འབྱེད་གསར་གཏོད། སྒོ་དབྱེ་གདེང་ཚོད། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ཀྲུང་གོ་ཞིག་ཤེས་རྟོགས་ཐུབ་སྟེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཡིད་ཆེས་ཆེན་པོ་བྱས་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་ཐོབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། འདས་པའི་གཟའ་འཁོར་གཅིག་ལྷག་ཙམ་རིང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་མུ་མཐུད་དམིགས་པ་དང་། ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོས་རྒྱལ་སྤྱིའི་སྒྲིག་གཞི་དང་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་དྲངས་ནས་ཚོགས་འདུ་གཉིས་ལས་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་དགེ་མཚན་ལྡན་པའི་བརྡ་རྟགས་སྟོན་ཚུལ་བརྗོད་པའི་ཐད་ལ། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས། ལོ་གཅིག་དུས་གཅིག་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཀྱི་འགྲོ་ཕྱོགས་ལ་ཉམས་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་5%ཡས་མས་ཟིན་རྒྱུའི་སྔོན་དཔག་དམིགས་ཚད་བཏོན་པའམ་ཡང་ན“ཐོན་སྐྱེད་ནུས་ཤུགས་གསར་མ”དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས” “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ”སོགས་ཀྱི་འགག་རྩའི་ཐ་སྙད་ལ་རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟབ་ནན་མདུན་སྐྱོད་དང་། གསར་འབྱེད་གསར་གཏོད། སྒོ་དབྱེ་གདེང་ཚོད། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ཀྲུང་གོ་ཞིག་ཤེས་རྟོགས་ཐུབ་སྟེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཡིད་ཆེས་ཆེན་པོ་བྱས་ཏེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་སྐྲུན་རེ་བྱེད་ཀྱི་ཡོད་ཅེས་བརྗོད།

    དབང་ཝུན་པིན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འཕར་ཚད་5%ཡས་མས་ཀྱི་སྔོན་དཔག་དམིགས་ཚད་བཏོན་པ་ལས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། གསོན་ཤུགས་རབ་ཏུ་འཕེལ་བ་བཅས་མངོན་ཡོད། དམིགས་ཚད་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་འདི་ལོའི་དཔལ་འབྱོར་འཕར་ཚད་ལ་སྔོན་དཔག་བྱས་པ་ལས་མཐོ་བ་ཡོད་པ་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཨ་རི་དང་ཡོ་རོབ་ལ་བཏོན་པའི་འཕར་ཚད་ཀྱི་སྔོན་དཔག་ལས་ཆེས་མཐོ་བ་ཡོད། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་དཔྱད་གཏམ་སྤེལ་བའི་ནང་འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་མེད་པའི་འོག 5%ཡས་མས་ཟིན་པའི་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་སྔོན་དཔག་དམིགས་ཚད་ལ་གདེང་ཚོད་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཤིང་། ལོ་གསར་པ་ཤར་བ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་གྱི་ལེགས་ཕྱོགས་རྒྱུ་རྐྱེན་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། ཀྲུང་གོར་ས་ཁོངས་སྒྲོལ་བའི་མི་ཐེངས་དུང་ཕྱུར་22.93ཟིན་པ་དང་། རྒྱལ་ནང་གི་ཡུལ་སྐོར་བའི་ཡུལ་སྐོར་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་6326.87ཟིན་པ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་7.7%འཕར་བ། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་གོའི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.61ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ཏེ་དུས་ཚིགས་དང་པོར་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    ཁོང་གིས། ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས“གསར་པ”ཞིག་ཏུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་སྟངས་འཛིན་ཡག་པོ་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་མ་ཟད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུའང་། དེང་རབས་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་དགོས་ལུགས་ཐོག་མར་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།