དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་ཐོན་ཚོང་སྤྱོད་གནམ་གྲུ་ARJ21དང་C919ལོ་སི་རུ་ཐེངས་དང་པོར་སྟོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་རྒྱལ་ཐོན་ཚོང་སྤྱོད་གནམ་གྲུ་ARJ21དང་C919ལོ་སིའི་ཝན་ཐེན་ཝ་ཏའེ་རྒྱལ་སྤྱིའི་གནམ་ཐང་དུ་ཐོག་མར་བབས་ཤིང་། ས་གནས་དེ་གར་ས་ཐོག་གི་འགྲེམས་སྟོན་དང་དཔེ་སྟོན་འཕུར་སྐྱོད་ཀྱང་བྱས་པ་རེད།

    ཟླ་2ཚེས་27ཉིན། རྒྱལ་ཐོན་ཚོང་སྤྱོད་གནམ་གྲུ་ARJ21དང་C919ཨེ་ཤེ་ཡ་ཤར་ལྷོར་དཔེ་སྟོན་འཕུར་སྐྱོད་བྱེད་འགོ་བརྩམས་ཤིང་། ཝེ་ཐེ་ནམ་དང་། ལོ་སི། ཁམ་ཕུ་ཁྲེ། མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ་བཅས་སུ་དཔེ་སྟོན་འཕུར་སྐྱོད་བྱ་རྩིས་ཡོད། ད་ཐེངས་ལོ་སི་རུ་བབས་པའི་རྒྱལ་ཐོན་ཚོང་སྤྱོད་གནམ་གྲུ་དེ་ཝེ་ཐེ་ནམ་དུ་དཔེ་སྟོན་འཕུར་སྐྱོད་བྱས་ཟིན་མ་ཐག་ཡིན་ཞིང་། ཚེས་3ཉིན་ལོ་སིའི་ཝན་ཐེན་ཝ་ཏའེ་རྒྱལ་སྤྱིའི་གནམ་ཐང་དུ་ཐོག་མར་བབས་པ་དང་། ཚེས་4ཉིན་ས་གནས་དེ་གར་ས་ཐོག་གི་འགྲེམས་སྟོན་བྱས་པ། དེའི་ནང་གི་གནམ་གྲུ་ARJ21གིས་ཝན་ཐེན་ནས་ལོ་སིའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ལང་པོ་ལཱ་མངའ་སྡེའི་འགྲོ་འོང་ལམ་ཐིག་ཐོག་དཔེ་སྟོན་འཕུར་སྐྱོད་བྱས་པ་རེད།

    ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་6པར་གནམ་གྲུ་ARJ21དེ་ཉིད་ཚོང་ལས་ཐོག་སྤྱད་ཚུན། བསྡོམས་རྩིས་བྱས་ན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སི། ཧིན་རྡུ་ཉི་ཞི་ཡའི་ལིང་ཡ་མཁའ་འགྲུལ་ཀུང་སི་སོགས་ཚོང་ཤག་ལ་གནམ་གྲུ་127རྩིས་སྤྲད་པ་དང་། རིམ་རྩིས་བྱས་ན་འཕུར་སྐྱོད་ལམ་ཐིག་400ལྷག་ཙམ་ཐོག་སྤྱད་པ། གྲོང་ཁྱེར་140ལྷག་ཙམ་ལ་ཤར་གཏོང་ཐུབ་པ། འགྲུལ་པ་མི་ཐེངས་ཁྲི་1100ལྷག་ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་ཡོད། དེའི་ནང་ཧིན་རྡུ་ཉི་ཞི་ཡའི་ལིང་ཡ་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱེད་པའི་གནམ་གྲུ་ARJ21གཉིས་ཡོད་པ་དང་། ཅ་ཁར་ཐ་རྟེན་གཞིར་བྱས་ནས་མཁའ་ལམ་4བཏོད་པ། གྲོང་ཁྱེར་5རུ་ཤར་གཏོང་ཐུབ་པ། འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།