བོད་ཤར་ས་གཞི་ཆེན་པོར་ཐོན་ལས་དར་ཞིང་དམངས་རྣམས་ཕྱུག་པོར་གྱུར།
—— ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཤར་སྒོ་ཡིན་པའི་ཆབ་མདོ་གྲོང་ཁྱེར་གྱིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་སྤྱི་ཡོངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ནས། དམག་དམངས་མཉམ་འདྲེས་བྱ་རྒྱུར་སྣང་ཆེན་གྱིས་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་གསུམ་ཆབ་མདོ་བརྒྱུད་དགོས་པའི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན་སོགས་གཉིས་བཀུར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཆབ་མདོ་འདི་ཉིད་མཐའ་མཚམས་སྟོབས་ཆེར་གཏོང་བའི་རྒྱབ་ཕྱོགས་ཆེན་པོ་དང་འཐབ་ཇུས་རོགས་སྐྱོར་གྱི་འགན་སྲུང་རྟེན་གཞི་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།
གསར་བརྗེའི་རྗེས་ཤུལ“དྲ་ཐོག་མིང་ཅན་གྱི་ས་ཆ་གལ་ཆེན་ཞིག”ཏུ་གྱུར་པ།
1950ལོར། དམག་སྡེ་བཅོ་བརྒྱད་པས་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་སྐར་ལྔའི་དར་དམར་དང་པོ་དེ་བསྒྲེངས་བས། སྐམ་ཐོག་གྲོང་ཚོ་འདི་ཉིད“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོར”གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། འཇོ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐམ་ཐོག་གི་གསར་བརྗེའི་རིག་གནས་རྒྱབ་ལྗོངས་སུ་བྱས་ཏེ་སྐམ་ཐོག་ཡུལ་སྐོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ནས། དམག་སྡེ་བཅོ་བརྒྱད་པས་འབྲི་ཆུ་སྒྲོལ་བའི་རྟེན་གཞི་ཁུལ་རྙིང་པ་དང་དམག་སྒར་གྱི་རྟེན་གཞི་ཁུལ་རྙིང་པ་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་གཙོ་བོ་བསྐྲུན་ཡོད། 2023ལོར་འཇོ་མདའ་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་45ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་4.6%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5042ལྷག་ཙམ་བྱུང་བ་དེ་དུས་མཚུངས་ལས་12.7%འཕར་ཡོད།
ད་ཆ་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དང་འཇོ་མདའ་རྫོང་སྐམ་ཐོག་གི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་རྟེན་གཞི་ཁུལ་རྙིང་པར་ཀྲུང་དབྱང་དྲིལ་བསྒྲགས་པུས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”ཞེས་པར་མིང་བཏགས་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་དང་པོར་གྱུར་ཡོད་ལ། བོད་ཤར་རྒྱུད་ཀྱི“གསར་བརྗེའི་ཡུལ་སྐོར་གྱི་ས་ཆ་གལ་ཆེན་ཞིག”ཏུ་གྱུར་ཡོད།
མངོན་མིན་རིག་གནས་ཤུལ་བཞག་དམངས་ཕྱུག་ལམ་བུར་གྱུར་པ།
གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། མངོན་མིན་རིག་གནས་ཤུལ་བཞག་རིམ་བཞིན་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བཞིན་ཡོད།
“མི་རིགས་ལག་ཤེས་བཟོ་རྩལ་གྱི་འབྱུང་ཁུངས”ཞེས་སུ་གྲགས་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་དུ་ཐང་ག་བཞེངས་པ་དང་། སྐུ་བརྙན་རྡུང་བཟོ། མ་ཎི་རྡོ་བརྐོས་སོགས་ལག་ཤེས་སྣ་ཁ་འཛོམས་པོ་ཡོད་པ་དང་། ཁྱིམ་ཚང་ཚང་མར་ལག་ཤེས་པ་ཡོད་ལ་དུད་ཚང་ཚང་མར་རྒྱུན་འཛིན་པའང་ཡོད།
“ང་ཚོས་དུས་བཀག་ལྟར་གསོ་སྦྱོང་འཛིན་གྲྭ་གཉེར་གྱི་ཡོད་ཅིང་། དུས་ཐེངས་རེར་མི་30ལྷག་ཙམ་ཞུགས་ཀྱི་ཡོད། ཁོང་ཚོས་སྲོལ་རྒྱུན་གྱི་ཐང་ག་བཞེངས་སྟངས་དང་སྤོས་བཟོ་སྟངས་སོགས་ཀྱི་ལག་ཤེས་སྦྱོང་ཆོག་པ་དང་། དེ་རྗེས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་མངོན་པ་དང་ཡོང་འབབ་གསོག་ཐུབ་པ་མ་ཟད། མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་དར་རྒྱས་གོང་འཕེལ་ཡང་གཏོང་ཐུབ”ཅེས་བོད་ཀྱི་རིམ་པ་དང་པོའི་ལྷ་རིས་བ་ཤེས་རབ་ཉི་མས་བཤད།
ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། ཐང་ག་ཁང་དང་། ཀུང་སི། ཁྲིད་སྦྱོང་ཁང་སོགས་ཆར་རྗེས་ཀྱི་མྱུ་གུ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས། “མཛུབ་རྩེའི་ཉམས་བཟང”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལམ་བུ་གསར་པར་བསྐྱོད་ཡོད།
ཏང་འཛུགས་སྐྱོང་སྤུས་རྟགས་ཀྱིས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་བ།
ཆབ་མདོ་ནི“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱ་ཡུལ་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་སྣེ་ཁྲིད། མང་ཚོགས་སྒྲིག་འཛུགས། སྤྱི་ཚོགས་འབོད་སྐུལ་བཅས་བྱེད་ནུས་བོད་ཤར་ས་གཞི་ཆེ་མོར་གང་ལེགས་མངོན་ཡོད།
དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དམངས་ཆེད་དོན་དངོས་བསྒྲུབ་རྒྱུ་སྣེ་ཁྲིད་དུ་བྱས་ཤིང་། གླ་སྐེ་ཤང་ནི་དཔེ་མཚོན་ཞིག་རེད།
དཔའ་ཤོད་རྫོང་གྲོང་དང་བར་ཐག་སྤྱི་ལེ་12ཆོད་པའི་གླ་སྐེ་ཤང་རོང་ཁུལ་དུ་ཆགས་པ་དང་གནམ་གཤིས་ཡག་ལ་ས་རྒྱུ་གཤིན་པ་དང་ཡུལ་ཆུ་བཟང་བ་མ་ཟད། དེ་གའི་ཀུ་ཤུ་མངར་ལ་ཞིམ་པ་ཞིག་ཡོད། འོན་ཀྱང་གྲོང་མི་མང་པོ་ཞིག་གིས་ལམ་འགྲམ་དུ་ཁྲོམ་བཀྱག་བཙུགས་ནས་འཚོང་གི་ཡོད་པས་ཕྱིར་ཚོང་བྱེད་ཚད་ཉུང་བ་དང་རིན་གོང་དམའ་པོ་ཡོད།
དེར་བརྟེན་གླ་སྐེ་ཤང་གི་གྲོང་ཚོ་ཁག་གི་ཏང་ཀྲི་པུས་སྤུས་རྟགས་ལ་འགྱུར་ལྡོག་གསར་པ་ཡོང་ཐབས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་གཅིག་རྗེས་གཉིས་མཐུད་ངང“ཏང་ཡོན་གྱི་གདོང་ལེན་ལས་གནས”བཙུགས་ཏེ“ཏང་འཛུགས་སྐྱོང་དང་སྤུས་རྟགས”ཟུང་དུ་འབྲེལ་རྒྱུར་སྐུལ་འདེད་བཏང་སྟེ་གླ་སྐེ་ཤང་གི་ཀུ་ཤུའི་སྤུས་རྟགས་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ་དང་ཆབས་ཅིག སྟོབས་ཤུགས་སྣ་ཚོགས་ལ་བརྟེན་ནས་དྲིལ་བསྒྲགས་དང་ཚོང་ལམ་འབྲེལ་མཐུད་བྱས་པས་དཔལ་འབྱོར་གྱི་རིན་ཐང་ཆེ་རུ་དང་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་ཕྱིན་ཏེ་དམངས་ཕྱུག་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།