དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པ་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྒྱུར་བཅོས་ཀྱི་ཚོད་ལྟའི་རྣམ་གྲངས་དང་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཀྱི་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར་ལོ་ལྟར་ཞིང་ཆེན་ཡོངས་སུ་ལོ་60ཡན་གྱི་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་80ཡན་གྱི་སྤྱི་ཚོགས་ཀྱི་རྒན་རྒོན་ཁྲི་10ཙམ་ལ་གཞི་རྩའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་ཀྱི་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་ཁྱོན་རྒན་གསོའི་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་1862ཡོད་པ་དང་། རྒན་གསོའི་ཉལ་ཁྲི་23470ཟིན་པ་དང་ནད་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་གྲངས་ཀྱིས་55%ཟིན་ཡོད། རྒན་རྒོན་གྱི་ནུས་པར་ཕྱོགས་བསྡུས་ཚོད་སྐོར་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་དགོས་མཁོ་དབྱེ་འབྱེད་འཕྱུགས་མེད་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རང་སོའི་ཁྱད་ཆོས་ལྡན་པ་དང་སྤུས་ཚད་མཐོ་བའི་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་པ་བརྒྱུད་མཚོ་སྔོན་གྱིས་སྡེ་ཁུལ་དུ་བདེ་ཐང་སླར་གསོའི་རམ་འདེགས་ཡོ་ཆས་སོགས་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་འབྲེལ་མཐུད་གནད་སྨིན་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཁྱིམ་སྟོང་དང་། གཞིས་སྲུང་། ནུས་པ་ཤོར་བ། འཆར་ལྡན་བུ་བཙའ་བཅས་ཀྱི་དམིགས་བསལ་ཁྱིམ་ཚང་གི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་སེམས་ཁུར་བྱེད་པ། སྤུས་ལེགས་ཞབས་ཞུའི་ཐོན་ཁུངས་དག་དམིགས་བསལ་གྱི་རྒན་རྒོན་མི་ཚོགས་ཀྱི་ཉེ་འགྲམ་དང་ཁོང་ཚོའི་ཁྱིམ་ཚང་ལ་ཁྱབ་པར་བྱེད་པ་བཅས་བྱས་ནས། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོར་དམ་འཛིན་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ནུས་ལྡན་ཁྱབ་རྒྱུར་སྐུལ་འདེད་མུ་མཐུད་གཏོང་བ་དང་། བེད་མེད་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་ནུས་ལྡན་བྱེད་པ། ཐབས་ལམ་མང་པོ་བརྒྱུད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ལེ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཉིན་མོའི་ལྟ་རྟོག་དང་། སྒོ་རྩར་ཞབས་འདེགས་ཞུ་བ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ། རྒན་གསོའི་བློ་འདྲི་སོགས་ནུས་པ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་གཙོ་གནད་ཐོག་བཏོད་ནས། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་རྨང་གཞིའི་རང་བཞིན་གྱི་གནས་བབ་མུ་མཐུད་བརྟན་དུ་གཏོང་རྒྱུ་ཡིན་པ་རེད། 2025ལོར་སླེབས་སྐབས་སྡེ་ཁུལ་གྱི་ཁྱིམ་སྡོད་འཚམས་འདྲིའི་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་ཏེ་ནུས་ཤོར་རྒན་རྒོན་ཚང་མར་སྡེ་ཁུལ་གྱི་རོགས་སྐྱོར་ཐོབ་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཟླ་རེར་འཚམས་འདྲི་བྱེད་ཚད་100%ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།